Translate

English Chinese (Simplified) Dutch French Hindi Italian Russian Spanish

Tsongkhapa

༄༅།།དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་འབྱུང་སྙིང་བསྡུས།

 

༄༅།།དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོ།།

 

མཆོད་པར་བརྗོད་པ།

 

༄༅།།སྙི༵གས་མའི་འགྲོ་རྣམས་རྒྱལ་བ་གཞན་གྱི་ཐུགས་རྗེའི་ཕྱག་གིས་བོར་བ་ན།།སྙི༵གས་མའི་འགྲོ་ལ་ལྷག་པར་བརྩེ་བའི་མཉམ་མེད་སྟོན་པ་བཅོམ་ལྡན་འདས།   །སྙི༵གས་མའི་ཞིང་འདི་ཡོངས་སུ་བཟུང་སྟེ་རྒྱལ་བའི་མཛད་པ་གྲངས་མེད་པས།།སྙི༵གས་མའི་དུས་ཀྱི་རྒུད་ཚོགས་མ་ལུས་སེལ་བར་མཛད་ལ་སྙིང་ནས་འདུད།།ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མངའ་བརྙེས་པའི།   །བཀའ་བབས་ལྷ་ཡི་རྟེན་ཅན་བྱམས་འཇམ་དབྱངས།།དེ་ལས་རིམ་བཞིན་བརྒྱུད་པའི་གདམས་པའི་གཏེར།།ཟུང་འཇུག་མར་མེ་མཛད་རྣམས་ཕྱག་གི་ཡུལ།།རྒྱལ་ཀུན་མཁྱེན་བརྩེ་སྒྱུ་མའི་རོལ་རྩལ་གྱིས།  །འཕགས་པའི་ཡུལ་དུའང་སློབ་དཔོན་ཀླུ་སྒྲུབ་དང་།།སྔོན་བྱོན་མཁས་གྲུབ་དུ་མའི་སྐྱེ་ཕྲེང་དུ།།འཛིན་མཛད་ཙོང་ཁ་པ་ཉིད་མཛེས་ཀྱང་མཛེས།།  ཅེས་མཆོད་བརྗོད་ཀྱི་བསྟོད་ཚིག་སྔོན་དུ་བཏང་སྟེ་སྐབས་དོན་གླེང་བར་བྱ་བ་ནི།དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་འབྱུང་ལོ་རྒྱུས་རྣམས་ཡིན་ལ།དེ་ལྟ་ན་ཡང་ཆུ་འགོ་གངས་ལ་ཐུག་པའི་དཔེ་ལྟར་ཆོས་འབྱུང་ལོ་རྒྱུས་རྣམས་ཀྱང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་འབྱུང་ལ་ཐུག་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་བརྟེན།

 

ཐོག་མར་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཀའ་གདམས་པའི་བར་དུ་བྱུང་བ་མདོ་ཙམ་གླེང་བ་དང་།སྐབས་དོན་དངོས་དགེ་ལུགས་པའི་ཆོས་འབྱུང་གི་རིམ་པ་དངོས་བཤད་པ་དང་གཉིས།དང་པོ་ལ།

སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ།མཉམ་མེད་ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་བྱུང་བ་བཤད་པ་གཉིས།དང་པོ་ལ།སྤྱིར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཤིན་ཏུ་དཀོན་པར་ལུང་རིགས་གཉིས་ཀྱིས་སྒྲུབ་པ།    ཁྱད་པར་བདག་ཅག་སྟོན་པ་མཉམ་མེད་ཤྰ་ཀྱ་སེང་གེ་འཛམ་གླིང་དུ་བྱོན་པའི་ཚུལ་གཉིས།

 དང་པོ་སྤྱིར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཤིན་ཏུ་དཀོན་པར་ལུང་རིགས་གཉིས་ཀྱིས་སྒྲུབ་པ་ནི།

 

གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་འདིར།ཞེས་གསུང་པ་ལྟར།བོད་ཀྱི་ལྷོ་ཕྱོགས་ཀྱི་ངོས་ཀུན་ཏུ་གངས་རིའི་རྭ་བས་བསྐོར་བས་ན་བོད་ཀྱི་ཡུལ་སྤྱི་ལའང་ཁ་བ་ཅན་དང་གངས་ཅན་ལྗོངས་ཞེས་ཡོངས་སུ་གྲགས་པའི་གནས་དེར།སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་ཡིན་མོད།དེ་ལྟར་ཡིན་པའང་དམ་བཅའ་བ་ཙམ་གྱིས་མི་རུང་བར་རྒྱུ་མཚན་ལ་བརྟེན་དགོས་པར་ནི་ཤིན་ཏུ་དགོས་གལ་ཆེ་ལ།དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་དམ་པ་གོང་མའི་བར་དུ་མདོ་སྔགས་ཀྱི་བསྟན་པ་གཉིས་པོ་བར་མ་ཆད་དུ་གནས་པ་དང་།བརྒྱུད་པའི་རིམ་པ་རྣམས་ཇི་ཡིན་གསལ་བར་གཏན་ལ་འབེབས་དགོས?པས།སྤྱིར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི་བརྒྱ་ལམ་ན་ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པར་གསུངས་ལ།དེའི་རྒྱུ་མཚན་ནི་སངས་རྒྱས་རང་ཉིད་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས།མཐར་མངོན་པར་རྫོགས་པར་སངས་རྒྱས་ཟིན་པ་ཙམ་གྱི་མི་ཆོག་པར།གདུལ་བྱའི་ངོས་ནས་ཀྱང་རྒྱུད་སྨིན་དགོས་པ་སོགས་རྟེན་འབྲེལ་གྱི་སྒོ་མཐའ་ཡས་པ་ཞིག་ཚོགས་པ་ན།མཛད་པ་བཅུ་གཉིས་སྟོན་པའི་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་ཞིག་བྱོན་དགོས་པ་ནི་ཐེག་ཆེན་པ་ཀུན་གྱིས་མཐུན་སྣང་དུ་བཞེད་ལ།དེ་འདྲའི་རྟེན་འབྲེལ་འགྲིག་པ་ཤིན་ཏུ་དཀའ་བ་ཡང་འཇིག་རྟེན་འ?ིར་མུན་པའི་བསྐལ་པ་ཤ་སྟག་ལས་སྒྲོན་མེའི་བསྐལ་པ་ཤིན་ཏུ་ཉུང་ལ།འདིའི་ནང་ལའང་སངས་རྒྱས་བྱུང་བ་ནི་ཆེས་ཉུང་བ་ཡིན།གཞན་ཡང་སྤྱོད་འཇུག་ལས།ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན།།གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར།།དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན།།འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་བྱུང་།།ཞེས་སྤྱིར་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་དགེ་སེམས་ཕྲ་མོ་ཙམ་སྐྱེ་བ་ཤིན་ཏུ་དཀོན་ཞིང་།དགེ་སེམས་ཕྲ་མོ་སྐྱེ་བ་ཡང་སངས་རྒྱས་ཀྱི་མཐུ་ཁོ་ན་ལས་སྐྱེ་དགོས་པར་གསུངས་ན།དེ་ལས་སངས་རྒྱས་ལ་དད་པའི་དགེ་རྩ་རྣམས་སྐྱེ་བ་ཤིན་ཏུ་དཀོན།དེ་ལས་དཀོན་མཆོག་ལ་དད་པ་རྙེད་ནས་?ས་རྒྱུ་འབྲས་ཚུལ་བཞིན་དུ་སྲུང་བ་ཤིན་ཏུ་དཀོན།དེ་ལས་ཁམས་གསུམ་གྱི་འཁོར་བ་མཐའ་དག་ལ་སྐྱོ་ཤས་སྐྱེས་ནས་ངེས་འབྱུང་སྐྱེ་བ་ཤིན་ཏུ་དཀོན།དེ་ལས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཤིན་ཏུ་དཀོན།དེ་ལས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པ་ཤིན་ཏུ་དཀོན།དེ་ལས་སངས་རྒྱས་པ་ནི་ཤིན་ཏུ་དཀོན་པས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བ་ཤིན་ཏུ་དཀོན་པར་རིགས་པས་སྒྲུབ་ནུས་པའི་ཕྱིར།དེ་བཞིན་དུ་ལུང་གིས་ཀྱང་སྒྲུབ་པར་མང་མོད་ཀྱང་།རྒྱུད་བླ་མའི་ནང་དུ།འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།།མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།།རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར།།འགྱུར་བ་མ?ད་ཕྱིར་དཀོན་མཆོག་ཉིད།།ཅེས་གསུང་པ་ལྟར་སངས་རྒྱས་ནི་ཡིད་བཞིན་གྱི་ནོར་བུ་དང་ཆོས་མཐུན་རྣམ་པ་དྲུག་དང་སྦྱར་ནས་གསུངས་པའི་དང་པོ་ནི།སྤྱིར་ཡིད་བཞིན་གྱི་ནོར་བུ་འཇིག་རྟེན་ན་སྔར་ཡང་ཤིན་ཏུ་བྱུང་དཀའ་བ་དང་།ད་ལྟ་ནི་དབང་པོའི་ཡུལ་ལས་ཀྱང་འདས་པས་སྲིད་པ་ཙམ་ཡིན་པ་དེ་བཞིན་དུ།སངས་རྒྱས་ཉིད་ཀྱང་འཇིག་རྟེན་ན་འབྱུང་བ་སྲིད་པ་ཙམ་མམ་འབྱུང་བ་དཀོན་པས་འབྱུང་བ་དཀོན་ཕྱིར་ཞེས་གསུངས་སོ།།

 

གཉིས་པ་ཁྱད་པར་བདག་ཅག་སྟོན་པ་མཉམ་མེད་ཤྰ་ཀྱ་སེང་གེ་མཆོག་འཛམ་གླིང་དུ་བྱོན་པའི་ཚུལ་ནི།མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཐོག་མར་གྲུབ་པའི་ཚེ་རྒྱ་མཚོའི་ནང་པདྨ་སྟོང་བྱུང་བ་ལ་གནས་གཙང་ལྷ་རྣམས་ཀྱིས་གང་གི་ལྟས་ཡིན་སྙམ་དུ་བརྟགས་པ་ན།བསྐལ་པ་འདི་ལ་ནི་སངས་རྒྱས་སྟོང་བྱུང་བའི་སྔ་ལྟས་སུ་མཁྱེན་ནས།ཨེ་མ་བསྐལ་པ་འདི་ནི་བཟང་པོའོ་ཞེས་ཆེས་བརྗོད་མཛད་པ་མདོ་ལས་གསུང་པ་ལྟར།བསྐལ་པ་འདི་ལ་ནི་སངས་རྒྱས་སྟོང་བྱུང་ལ།  དེའི་ནང་ནས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མཉམ་མེད་ཤྰ་ཀྱའི་སེང་གེ་མཆོགསྔོན་སངས་རྒྱས་རིན་ཆེན་སྙིང་པོས་སངས་རྒྱས་ཞིང་གི་བཀོད་པ་དཔག་མེད་བསྟན་ནས་རྩོད་ལྡན་ཚེ་ལོ་བརྒྱ་པའི་ཞིང་འདི་རྒྱལ་བ་གཞན་རྣམས་ཀྱིས་གདུལ་དཀའ་བར་གཟིགས་ཏེ་ཡལ་བར་བོར་བ་ན།བདག་ཅག་གི་སྟོན་པ་དེ་ཉིད་ཀྱིས་ཡོངས་སུ་བཟུང་བའི་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་མགྲིན་དབྱངས་གཅིག་གིས་མེ་ཏོག་ཐམས་ཅད་ཀྱི་ནང་ནས་པདྨ་དཀར་པོ་ལྟར་བསྔགས་པ་ཡིན་ཏེ།སྐབས་གསུམ་པ་ལས།སྙིགས་མ་ལྔ་ཡིས་ཧ་ཅང་སྦགས་པ་ཡི།།ཞིང་འདི་གཞན་གྱིས་སྤངས་དུས་མགོན་ཁྱོད་ཀྱིས།།ཡོངས་སུ་བཟུང་སྟེ་རྒྱལ་བ་སྲས་བཅས་ཀྱིས།།པད་ད?ར་ལྟ་བུར་བསྔགས་པའི་དགོས་པའང་ཅི།།ཞེས་གསུངས་ལ།དེ་ལྟ་ནའང་སྤྱིར་སངས་རྒྱས་ཀྱི་ཡོན་ཏན་ནི།འཇུག་པར།ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི།།འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན།།སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི།།ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར།ཞེས་གསུངས་པ་ལྟར་ཉན་ཐོས་དང་།རང་སངས་རྒྱས།ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཀྱང་བརྗོད་མི་ནུས་པར་གསུངས་ལ།ཁྱད་པར་བདག་ཅག་གི་སྟོན་པ་མཉམ་མེད་ཤྰ་ཀྱ་སེང་གེ་མཆོག་གིས་སྔོན་གྱི་ཐུགས་བསྐྱེད་ལས་ཚེ་ལོ་བརྒྱ་པའི་གདུལ་བྱ་རྣམས་ལ་མཛད་པ་སྐུ་གསུམ་གྱི?མཛད་པ་གྲངས་ལས་འདས་པ་ཞིག་སྟོན་པ་ནི་སུ་ཞིག་གིས་བརྗོད་པར་ནུས།འོན་ཀྱང་ཐུན་མོང་གདུལ་བྱའི་སྣང་ངོར་དང་མཐུན་པའི་མཛད་པ་འགའ་ཞིག་སྔོན་འཕགས་

 

 

 

པའི་ཡུལ་དུ་མཛད་པ་བཅུ་གཉིས་སུ་བསྡུས་ནས་འཆད་ཅིང་།དེའི་ནང་ནས་ཀྱང་གཙོ་བོ་ནི་གསུང་གི་མཛད་པ་དང་དེ་ལས་རབ་དང་ཕུལ་དུ་ཕྱིན་པ་ནི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེས་མཚོན་པའི་གཞུང་ཤེར་ཕྱིན་རྣམས་ཡིན་ཏེ།རྟེན་འབྲེལ་བསྟོད་པ་ལས།མཛད་པ་ཀུན་ལས་གསུང་གི་ནི།མཛད་པ་མཆོག་ཡིན་དེ་ཡང་ནི།།དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།།འདི་ལས་སངས་རྒྱས་རྗེས་དྲན་བྱོས།  །ཞེས་གསུངས།རྒྱལ་བའི་ཡུམ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ནས་སྦས་དོན་མངོན་པར་རྟོགས་པའི་བརྒྱད་ཀྱི་ལམ་གྱི་ངོ་བོ་གོ་རིམ་གྲངས་ངེས་བཅས་དང་།དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་བསྟན་པ་དེ་དག་ཚུལ་བཞིན་དུ་འཛིན་པ་ལ།སྲས་ཀྱི་ཐུ་བོ་བཀའ་བབས་ལྷའི་རྟེན་ཅན་བྱམས་འཇམ་དབྱངས་གཉིས།མིའི་རྟེན་ཅན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་།འཕགས་པ་ཐོག་མེད་གཉིས་ལས་རིམ་པ་བཞིན་དུ་ཟམ་མི་ཆད་པར་ཀླུ་སྒྲུབ་ཀྱི་ལུགས་ལ་མཁས་པའི་བླ་མ་རིག་པའི་ཁུ་བྱུག་ལས་ཟབ་མོའི་ལམ་གྱི་རིམ་པ་དང་།ཐོགས་མེད་ཀྱི་ལུགས་ལ་མཁས་པའི་བླ་མ་གསེར་གླིང་པ་ལས་རྒྱ་ཆེ་བའི་ལམ་གྱི་རིམ་པའི་མན་ངག་གི་ཆུ་བོའ?་རྒྱུན་སོ་སོ་ནས་བྱུང་ངོ་།། 

 

 

 

གཉིས་པ་མཉམ་མེད་ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་བྱུང་བ་བཤད་པ་ལ།བཀའ་གདམས་པའི་བསྟན་པ་དབུ་བརྙེས་ཚུལ་ལས་འཕྲོས་ཏེ་ཇོ་བོ་བོད་དུ་གདན་འདྲེན་ཚུལ་ཅུང་ཟད་བཤད་པ།ཇོ་བོ་བོད་དུ་ཕེབས་དགོས་པ་ཡི་དམ་གྱིས་ལུང་བསྟན་ཚུལ།ཇོ་བོ་བོད་དུ་གདན་འདྲེན་དགོས་པའི་རྒྱུ་མཚན།  བཀའ་གདམས་པའི་དོན།དེའི་བརྒྱུད་པ་བྱུང་ཚུལ་དང་ས་དགེ་བཀའ་བརྒྱུད་པ་རྣམས་ཀྱང་ཇོ་བོའི་འཕྲིན་ལས་ལ་བརྟེན་ཚུལ།  ཞར་བྱུང་བོད་དུ་ཐལ་རང་གི་ལྟ་བ་བྱུང་རིམ།

 

 

 

དང་པོ་བཀའ་གདམས་པའི་བསྟན་པ་དབུ་བརྙེས་ཚུལ་ལས་འཕྲོས་ཏེ་ཇོ་བོ་བོད་དུ་གདན་འདྲེན་ཚུལ་ཅུང་ཟད་བཤད་པ་ལ།

 

ཇི་སྐད་བཤད་པའི་བླ་མ་རིག་པའི་ཁུ་བྱུག་དང་།བླ་མ་གསེར་གླིང་པ་ལས་བརྒྱུད་པའི་ཟབ་རྒྱས་མན་ངག་གི་ཆུ་བོའི་རྒྱུན་གཉིས་པོ་མཉམ་མེད་ཇོ་བོ་ལ་གཅིག་ཏུ་འདྲེས་པ་མ་ཟད།འཇམ་དབྱངས་ནས་ཞི་བ་ལྷ་ལ་རྒྱུད་པའི་རླབས་ཆེན་སྤྱོད་རྒྱུད་དང་།གསང་སྔགས་ཡོངས་སུ་རྫོགས་པའི་རྒྱུད་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན།དེ་འདྲ་བའི་མན་ངག་ཡོངས་སུ་རྫོགས་པ་ཇོ་བོ་༼ཕྱི་ལོ་༩༨༢་༡༠༥༤༽རང་ཉིད་ཀྱི་ལས་འབྲེལ་ཆེ་བའི་བོད་ཁ་བ་ཅན་གྱི་གདུལ་བྱའི་དོན་དུ་རྒྱལ་བའི་གསུང་རབ་མཐའ་དག་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་གདམས་པར་སྒྲིལ་བའི་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ནས་བཀའ་གདམས་པའི་བསྟན་པ་ཐོག?མར་དབུ་བརྙེས།དེ་ཡང་བོད་ཁ་བ་ཅན་དུ་འབད་པ་ལ་མི་ལྟོས་པར་ལྷུན་གྱིས་གྲུབ་པ་མིན་གྱི་བསྟན་པ་ཕྱི་དར་སྐབས་སྟོད་མངའ་རིས་ཁུལ།བསྟན་པའི་མེ་རོ་སླར་གསོ་བཞིན་པའི་སྐབས་སུའང་རྒྱ་གར་ནས་ཆོས་ལོག་དུ་མ་སྤེལ་བ་ལ།བོད་ཀྱི་བྱང་ཆུབ་སེམས་དཔའ་ལྷ་བླ་མ་ཡེ་ཤེས་འོད་༼ཕྱི་ལོ་༩༦༥༽ཀྱིས་ཐུགས་བློས་མི་བཟོད་པར་རྒྱ་གར་ནས་ཇོ་བོ་གདན་དྲངས་པའི་ཆེད་དུ་འབུལ་བ་གསེར་ཚོལ་བར་རྩོམ་པར།གར་ལོག་གི་རྒྱལ་པོས་ལྷ་བླ་མ་ཡེ་ཤེས་འོད་སྐུ་ལུས་དར་གྱིས་གཅུན་ནས་བཙོན་དུ་བཟུང་བ་ན།ལྷབཙུན་བྱང་ཆུབ་འོད་ཀྱིས་ཁུ་བོ་བཙོན་ནས་འདོན་ཐབས་མཛད་པར།གར་ལོག་རྒྱལ་པོས་གསེར་རྒྱལ་པོའི་སྐུ་ལུས་དང་མཉམ་?་བྱུང་ན་བཏང་ངོ་སྨྲས་པར།བྱང་ཆུབ་འོད་ཀྱིས་ཐབས་ཤེས་ཡོད་རྒུས་སྐུ་ལུས་དང་མཉམ་པའི་གསེར་ཁྱེར་ཡང་།གར་ལོག་རྒྱལ་པོས་ཁུ་བོའི་དབུའི་ཚད་ཙམ་མ་ཚང་ཞེས་སྨྲས་ནས་མ་བཏང་བར།ཁུ་བོའི་གང་དུ་བཅུག་པའི་བཙོན་ཁང་གི་སྒོ་དྲུང་དུ་ཕེབས་ནས་ཁུ་བོ་ལ་དོན་རྣམས་ཞུས་པས།ཁུ་བོས་ངའི་སྲོག་གི་དོན་དུ་དེ་ལྟར་ངལ་བས་ཅི་བྱ།དེ་ལས་ད་ལྟའི་གསེར་འདིས་རྒྱ་གར་ནས་ཇོ་བོ་གདན་དྲངས་ཏེ།བོད་ཁ་བ་ཅན་གྱི་གདུལ་བྱའི་དོན་དུ་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་སྤེལ་དགོས་པར་བསྒོ་བར།  བྱང་ཆུབ་འོད་ཀྱིས་དེ་བཞིན་དུ་འཚལ་ཞེས་པ་ལས་གཞན་ཅི་ཡང་ཁུ་བོར་རྔོ་མི་

 

 

ཐོག་པར་དམ་བཅས་ཏེ།ནག་ཚོ་ལོ་ཙྰ་བའི་༼ཕྱི་ལོ་༡༠༡༡་༡༠༦༤༽དྲུང་དུ་བྱང་ཆུབ་འོད་ཀྱིས་སྤྱན་ཆབ་ཀྱི་རྒྱུན་བཅད་མ་ཐུབ་པར་བསིལ་ནས།ཁུ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་འབངས་རྣམས་ཐུགས་བརྩེས་བཏང་མི་བྲ་བར་རྒྱ་གར་ནས་པྜྷཎྜིཏ་ཚད་དང་ལྡན་པ་ཞིག་གདན་འདྲེན་པའི་ཕྱིར།གཞོན་ནུ་བློ་རིག་བཀྲ་བ་འགའ་རྒྱ་གར་དུ་བརྫངས་ཀྱང་དེ་ཙམ་གྱི་དོན་ཆེ་བར་མི་འགྱུར་ནས་མི་ནོར་གཉིས་ཀ་འཛད་ཚུལ།ད་ཆ་ཁུ་བོ་གར་ལོག་གི་རྒྱལ་པོས་བཙོན་དུ་བཅུག་ཀྱང་རང་ཉིད་ཀྱི་སྐུ་སྲོག་ལའང་ཇི་མི་སྙམ་པར།བོད་ཁ་བ་ཅན་དུ་བསྟན་པ་དང་འགྲོ་བའི་དོན་དུ་དཔལ་མར་མེ་མཛད་སྤྱན་དྲངས་དགོས་པའི་བཀའ་བསྒོ་བ་རྣམས་ཇི་?ཞིན་ཞུ་བས།ནག་ཚོས་བོད་ཀྱི་དོན་དུ་ཁུ་དབོན་གཉིས་འོ་བརྒྱལ་བ་དང་།རང་རེ་འབངས་རྣམས་སྐྱིད་ཆེས་བར་སྙམ་སྟེ་སྤྱན་མཆི་མས་ཁེངས་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱི་ཞལ་ལ་ཡང་བལྟ་མི་ནུས་པར་ལུས་སྲོག་གི་དཀའ་ཚེགས་དང་།ཚེ་འདིའི་བདེ་སྐྱིད་ཀྱི་བྱ་བ་གང་ལའང་མ་ཆགས་པར་བྱང་ཆུབ་སེམས་དཔའི་བཀའ་བསྒོ་བ་ལས་ཟློག་མི་ནུས་པར་བཀའ་བཞིན་དུ་འཚལ་ཞེས་ཅང་སྨྲ་བར་མ་སྤོབས་པར་དམ་བཅས་ཏེ་རྒྱ་གར་དུ་༼ཕྱི་ལོ་༡༠༣༧༽ཕེབས་སོ།རྒྱ་གར་དུའང་ཇོ་བོ་བོད་དུ་སྤྱན་དྲངས་པར་དཀའ་ཚེགས་ཤིན་ཏུ་ཆེ་བར་བྱུང་སྟེ།སྐབས་དེར་ན་ལནྜའི་མཁན་པོ་གནས་བརྟན་རདྣ་ཨ་ཀར་དང་།དགེ་འདུན་གྱི་སྡེ་དང་།ཆོས་ཡོན་སྦྱིནབ?ག་དང་བཅས་པས་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་ན་རྒྱ་གར་བསྟན་པའི་འབྱུང་གནས་ཉམས་པར་འགྱུར་ཞེས་ཐམས་ཅད་ཀྱིས་དབྱངས་གཅིག་གིས་བཀག་ནས་བོད་དུ་འབྱོན་མི་འཇུག་པའི་ངལ་བ་ཤིན་ཏུ་ཆེ་བར་ལན་མང་བྱུང་ཡང་།མཐར་གནས་བརྟན་གྱིས་ཇོ་བོ་ཉིད་ཀྱང་བོད་དུ་ཕེབས་པར་དགྱེས་ཤིང་།བོད་རྣམས་ཀྱང་ནན་གྱིས་ཡང་ཡང་བསྐུལ་བ་ལས་བོད་དུ་ལོ་གསུམ་རིང་བཞུགས་ནས།དེའི་གོང་ལ་སླར་འཕགས་ཡུལ་དུ་གདན་དྲངས་དགོས་པ་ནག་ཚོ་ལོ་ཙྰ་བར་མནའ་བསྒགས་སོ།།

 

གཉིས་པ་ཇོ་བོ་བོད་དུ་ཕེབས་དགོས་པ་ཡི་དམ་གྱི་ལུང་བསྟན་བྱུང་ཚུལ།

 

ཇོ་བོ་བོད་དུ་བྱོན་པར་དགྱེས་ཚུལ་ཡང་ཡུལ་གནས་གསར་པ་མཐོང་ཐོས་ཀྱིས་མིན་པར་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས་ནས་ལུང་བསྟན་དུ།༡༽སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སོ།།འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད།ཁྱོད་ཀྱི་ཡི་དམ་ཇོ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས།ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་སུ་སོངས་ཤིག་ཅེས་དངོས་སུ་གསུང་།རྗེ་བཙུན་སྒྲོལ་མའི་རྟེན་གྱི་དྲུང་དུ་མཆོད་པ་དང་མྜྷཎྜལ་ཕུལ་ནས།བོད་དུ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་མི་ཐོ?ས།རྒྱལ་པོ་བྱང་ཆུབ་སེམས་དཔའ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐུགས་དགོངས་རྫོགས་མི་རྫོགས།རང་གི་ལུས་སྲོག་ལ་བར་ཆད་དུ་འགྱུར་མི་འགྱུར་བཅས་བྱ་བ་གསུམ་གསོལ་བ་གཏབ་པས།  ༢༽ནུབ་གཅིག་རྨི་ལམ་དུ་གནས་འདི་འདྲ་བ་ཞིག་ན་ནང་པའི་ལྷ་ཁང་ཆུང་ངུ་ཞིག་ཡོད།ནངས་པར་དེར་སོང་དང་རྣལ་འབྱོར་མ་ཞིག་འོང་གི་དེ་ལ་དྲིས་དང་གསུང་བ་རྨིས།ནངས་པར་མེ་ཏོག་སྙིམ་པ་གང་བསྣམས་ནས་ལྷ་ཁང་དེར་ཞུགས་པ་ན་རྣལ་འབྱོར་མ་རལ་པ་ས་ལ་ཞམ་མེ་བ་ཞིག་བྱུང་།དེ་ལ་མེ་ཏོག་རྣམས་ཕུལ་ནས་ང་བོད་ཀྱི་རྒྱལ་པོས་སྤྱན་འདྲེན་ན་ངས་བོད་དུ་ཕྱིན་ན་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ཞུས་པས།བོད་དུ་བྱོན་ན་ཕན་ནི་ཐོགས་ནས་འོང་།ཁྱད་པར་དུ་ཨུ་པ་སི་ཀ་གཅིག་ལ་བརྟེན་ནས་ཕན་ཐོགས་ཏེ་འོང་བར་འདུག་སྟེ་བྱིན་གྱིས་རློབས་གསུངས།ད་དུང་རྡོ་རྗེ་གདན་ལ་མཆོད་པ་ཆེན་པོ་ཞིག་བྱས་ལ་གསོལ་བ?གདབ་དགོས་སྙམ་ནས་འབྱོན་པར་ཆས་པ་ན།མཁན་པོ་ཛྙྰ་ན་ཤྲྰི་མི་ཏྲས་མགྲོན་བུ་སྤར་གང་བསྐུར་ནས་རྡོ་རྗེ་གདན་དུ་བྱོན་ཙ་ན་རྒན་མོ་རལ་པ་སེ་ཤ་རེ་བ་གཅིག་ཡོད་དེ་དེ་ལ་ཕུལ་གསུངས་སྐད།དེ་ནས་རྡོ་རྗེ་གདན་དུ་བྱོན་ཙ་ན་རྒན་མོ་རལ་པ་སེ་ཤ་རེ་བ་གཅིག་ན་རེ།ང་ལ་བསྐུར་བའི་འགྲོན་བུ་ཚུར་ཐོང་གསུངས།དེ་ལ་ཡང་ཡིད་ཀྱི་ཕྱག་དང་དྲི་བ་མཛད་པས་ཀྱང་གོང་དང་མཐུན་པར་

 

 

 

བྱུང་།༣༽བོད་དུ་འབྱོན་ན་ཕན་ཐོགས་པར་ལུང་བསྟན་པ་ན།ལུས་སྲོག་གི་བར་ཆད་དུ་འགྱུར་རམ་མི་འགྱུར་ཞུས་པས།ཚེ་ནི་བོད་དུ་བྱོན་ན་ཐུང་བར་འདུག་གསུངས།ཇི་ཙམ་གྱིས་ཐུང་ཞུས་པས།བོད་དུ་མ་བྱོན་ན་དགུ་བཅུ་གོ་གཉིས་ཐུབ།བྱོན་ན་བདུན་བཅུ་རྩ་གསུམ་ལས་མི་ཐུབ་གསུངས།དོན་ལ་ཉི་ཤུ་ཐམ་པས་ཐུང་དུ་སོང་བ་ཡིན་སྐད།དེའི་ཚེ་ཇོ་བོའི་ཐུགས་དགོངས་ལ་བོད་ལ་ཕན་ཐོགས་ན་ཚེ་ཐུང་ནའང་ཐུང་སྟེ།ཚེ་ལ་མི་ལྟ་སྙམ་པའི་ཐུགས་སྟོབས་སྐྱེས་པ་ལས་བོད་དུ་བྱོན་པར་དགྱེས་པ་ཡིན།

 

 

གསུམ་པ་ཇོ་བོ་བོད་དུ་ཕེབས་དགོས་པའི་རྒྱུ་མཚན།

 

ཇོ་བོ་རྗེ་བོད་དུ་ཕེབས་དགོས་དོན་སྙིང་པོ་གསུང་གི་གཙོ་བོ་བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ཉིད་ཀྱི་ཆེད་དུ་ཡིན་ཏེ།ཇོ་བོ་བོད་དུ་༼ཕྱི་ལོ་༡༠༤༠༽ཕེབས་ཁར་རྗེ་བཙུན་སྒྲོལ་མ་སོགས་ཀྱིས་ལུང་བསྟན་དུ།༤༽བོད་དུ་ཕེབས་ན་ཕ་ལས་བུ་རྫིགབུ་ལས་ཚ་བོ་རྫིགཚ་བོ་ལས་ཡང་ཚ་རྫིགཡང་ཚ་ལས་སུམ་ཚ་རྫིག་པ་ཡོང་།དེ་ནས་འཆལ་འགྲོ་ཞེས་གསུངས་པའི་ཕྱིར།ཕ་ལས་བུ་སོགས་རྫིག་པའི་དོན་ཡང་དགེ་འདུན་གྲངས་མང་བའི་དོན་མིན་གྱི་བྱང་ཆུབ་ལམ་རིམ་ལ་ཉམས་ལེན་གནང་མཁན་ཇེ་མང་དུ་འགྲོ་བའམ།  ཕྱི་མ་ཕྱི་མའི་དུས་ན་བསྟན་པ་ཁྱབ་གདལ་ཇེ་ཆེར་སོང་བའི་དོན་ཡིན་ནོ།།འཆལ་བའི་དོན་ཡང་ཕྱིས་ལམ་རིམ་འདིས་གོ་མི་ཆོད་པར་སྔགས་དང་།རྗེས་གནང་རེ་སྣོན་པ་ནི་ཅུང་ཟད་འཆལ་བའི་དོན་ནོ།།མདོར་ན་ཇོ་བོ་རྗེ་དང་།ལྷ་བླ་མ་ཡེ་ཤེས་འོད།ལྷ་བཙུན་བྱང་ཆུབ་འོད།ནག་ཚོ་ལོ་ཙྰ་བ་བཅས་ནས་སྐུ་སྲོག་ལའང་མི་ལྟོས་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་བོད་ཁ་བ་ཅན་དུ་རྒྱས་པར་མཛད་པའི་བཀྲིན་སྲང་གིས་ནམ་ཡང་གཞལ་མི་ནུས་པ་རྣམས་རྗེས་སུ་དྲན་དགོས་པར་སེམས་སོ།།

 

བཞི་པ་བཀའ་གདམས་པའི་དོན།

 

དེས་ན་བཀའ་གདམས་པ་ཞེས་བོད་ཡོངས་རྫོགས་ལ་རླུང་ལྟར་གྲགས་པས་སྤྱིར་བཀའ་གདམས་པའི་དོན་ནི།རྣལ་འབྱོར་པ་བྱང་ཆུབ་རིན་ཆེན་གྱིས།གདམས་ངག་ལ་ནང་བྱན་ཆུད་པ་ནི་བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི་གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར་བ་ཡིན་གསུངས་པ་ལྟར།རྒྱལ་བའི་བཀའ་དང་དགོངས་འགྲེལ་ཐམས་ཅད་ལས་ཡི་གེ་ན་གཅིག་ཀྱང་འདོར་དུ་མེད་པར་གདམས་ངག་ཏུ་འཆར་ཐུབ་པ་ལ་བཀའ་གདམས་པའི་དོན་དུ་འཇོགབཀའ་གདམས་པའི་གཞུང་སྤྱི་དང་།ཁྱད་པར་ཇོ་བོ་ཉིད་ཀྱིས་མཛད་པའི་གཞུང་དུ་མ་ཡོད་ཀྱང་རྩ་བའམ་སྲོག་ཤིང་ལྟ་བུ་བྱང་ཆུབ་ལམ་གྱི་སྒྲོན་མ་ཉིད་ཡིན་ཏེ།   ལམ་རིམ་ཆེ་མོ་ལས།  ཇོ་བོས་མཛད་པའི་གཞུང་དུ་མ་ཡོད་ཀྱང་རྩ་བ་ལྟ་བུ་ཡོངས་སུ་རྫོགས་པ་ནི་ལམ་སྒྲོན་ཡིན་ཏེ།མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་བསྟན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང་།སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ལག་ཏུ་བླང་བདེ་བ་དང་།ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་སོ།ཞེས་གཞུང་གཞན་ལས་ཁྱད་ཆོས་གསུམ་གྱི་སྒོ་ནས་ཁྱད་པར་དུ་འཕགས་པར་གསུངས་པའི་ཕྱིར།།བྱང་ཆུབ་དུ་བགྲོད་པའི་ལམ་གྱི་རིམ་པ་ཞེས་པའི་ཐ་སྙད་ཀྱང་ཐོག་མར་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ཟིན་ནས་བྱུང་ངོ་།།

 

ལྔ་པ་བཀའ་གདམས་པའི་བརྒྱུད་པ་གསུམ་པོ་བྱུང་ཚུལ་དང་།ས་དགེ་བཀའ་བརྒྱུད་པ་རྣམས་ཀྱང་ཇོ་བོའི་འཕྲིན་ལས་ལ་བརྟེན་ཚུལ།

 

དེ་ལྟར་ཁྱད་ཆོས་གསུམ་དང་ལྡན་པའི་གདམས་པའི་རྒྱལ་པོ་བྱང་ཆུབ་ལམ་གྱི་སྒྲོན་མ་དེ་ཡང་ཇོ་བོས་ཚོགས་བཤད་དུ་མི་གསུང་བར་འཕགས་པ་སྤྱན་རས་གཟིགས་ཀྱི་མིའི་རྣམ་རོལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་ལྐོག་ཏུ་འཁྲིད་ནས་ངས་ཁྱོད་མིན་པ་གཞན་ལ་གཏོད་ས་མི་བརྙེད་ཅེས་གསུངས།འབྲོམ་གྱིས་ཚོགས་བཤད་དུ་མཛད་པས་རྒྱུད་པ་གསུམ་བྱུང་བ་ཡིན་ཏེ།བྱང་ཆུབ་ལམ་རིམ་གཞུང་ཆེན་མོའི་སྟེང་ནས་འཆད་པ་པོ་ཏོ་བ་ནས་ཤ་ར་བ་ལ་རྒྱུད་པ་ལ་བཀའ་གདམས་གཞུང་པ་བ་དང་།དེ་ལས་ཅུང་བསྡུས་ནས་བསྟན་རིམ་དང་སྦྱར་ནས་འཆད་པ་དགོན་པ་བ་ནས་སྣེའུ་ཟུར་པར་བརྒྱུད་པ་བཀའ་གདམས་ལམ་རིམ་པ་དང་།རྟེན་འབྲེལ་སྙིང་པ?འི་ཁྲིད་སོགས་བླ་མའི་མན་ངག་དང་སྦྱར་ནས་འཆད་པ་སྤྱན་སྔ་བ་ནས་བྱ་ཡུལ་བ་ལ་རྒྱུད་པ་ལ་བཀའ་གདམས་མན་ངག་པ་སྟེ་གསུམ་བྱུང་ངོ་།།

དེར་མ་ཟད་བོད་དུ་བཀའ་རྒྱུད་པ་དང་།ས་སྐྱ་པ་དང་།དགེ་ལྡན་པ་ཞེས་པའི་ཆོས་རྒྱུད་གསུམ་པོའང་ཇོ་བོ་རྗེའི་འཕྲིན་ལས་ལ་བརྟེན་ནས་བྱུང་སྟེ།བཀའ་རྒྱུད་ཀྱི་མེས་པོ་ལྷོ་བྲག་མར་པ་ལོ་ཙྰ་བ་རྒྱ་གར་དུ་ལན་ཕྱི་མའི་སྐབས་ཇོ་བོ་དང་མཇལ་ནས་གདམས་པ་རྣམས་གསན།མཉམ་མེད་དྭགས་པོ་ལྷ་རྗེས་ཇོ་བོའི་དངོས་སློབ་རྣལ་འབྱོར་པ་ཆེན་པོའི་སློབ་མ་རྒྱ་ཡོན་བདག་ལས་གདམས་པ་གསན་པ་དང་།རྗེ་མི་ལ་ནས་ཕྱག་ཆེན་གསན་ཏེ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་པ་ལམ་རིམ་ཐར་རྒྱན་སོགས་མཛད་ནས་རིམ་བཞིན་བྱུང་ལ།དེ་བཞིན་དུ་ས་པཎ་གྱིས་ཀྱང་སྣེའུ་ཟུར་པའི་སློབ་མ་སྤྱི་བོ་ལྷས་པ་ལས་བཀའ་གདམས་པའི་གདམས?པ་རྣམས་གསན་ཞིང་།ཁོང་གི་གསུང་རབ་རྣམས་སུའང་ཐེག་ཆེན་ཐུན་མོང་བའི་ལམ་གྱི་རིམ་པ་རྣམས་བཀའ་གདམས་པའི་ལུགས་ཁོ་ན་མཛད་པས།རྗེས་འབྲང་ས་སྐྱ་པས་ཀྱང་སྲོལ་དེ་བཞིན་དུ་མཛད་དོ།རྙིང་མའི་ཆོས་རྒྱུད་ནི་བསྟན་པ་སྔ་དར་སྐབས་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་

 

སྲོང་བཙན་སྒམ་པོས་གཙུག་ལག་ཁང་དུ་མ་གསར་བཞེངས་དང་།  ཆོས་བློན་ཐོན་མི་སཾ་བྷོ་ཊ་མཆོག་ལ་བོད་ཡིག་གསར་བཟོ་དགོས་པའི་བཀས་བསྐུལ་ཞིང་།རྒྱ་གར་དང་བལ་པོའི་སློབ་དཔོན་རྣམས་གདན་དྲངས་ཏེ་མདོ་རྒྱུད་དུ་མ་བོད་སྐད་དུ་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པ་ཐོག་མར་སྲོལ་བཏོད།དེ་ནས་རྒྱལ་རབས་སོ་བདུན་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང་།སློབ་དཔོན་པདྨ་འབྱུང་གནས་རྣམ་པ་གཉིས་སྤྱན་དྲངས་ཏེ་ཐོག་མར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ་བཞེངས་ཏེ་དགེ་འདུན་གྱི་སྡེ་ཆེར་ཕེལ་བ་ལས་བྱུང་བར་མངོན་ནོ།།

 

དྲུག་པ་ཞར་བྱུང་བོད་དུ་དབུ་མ་ཐལ་རང་གཉིས་ཀྱི་ལྟ་བ་བྱུང་རིམ།

 

སློབ་དཔོན་ཞི་འཚོ་ཡབ་སྲས་གཉིས་ཀ་དབུ་མ་རང་རྒྱུད་པའི་ལྟ་བ་འཛིན་པས་བོད་དུ་ཐོག་མར་དབུ་མ་རང་རྒྱུད་པའི་ལྟ་བ་བྱུང་བ་མ་ཟད།ཕྱིས་ཇོ་བོ་རྗེའང་ཚོགས་བཤད་དུ་ལྟ་བ་རང་རྒྱུད་པ་གཙོ་བོར་བྱེད་ནས་བསྟན་ལ།  འོན་ཀྱང་ཐལ་རང་གཉིས་པོ་ལྟ་བ་གཅིག་ཏུ་འདོད་པའི་རྒྱ་བོད་ཀྱི་མཁས་པ་གཉིས་ཀར་ཡོད་མོད་ཀྱང་།བོད་ཀྱི་ལོ་ཙྰ་བ་པ་ཚབ་ཉི་མ་གྲགས་རྒྱ་གར་དུ་ཕེབས་སྐབས་དཔལ་ལྡན་ཟླ་བ་གྲགས་པ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་དུ་བཏབ་པས་ཞལ་དངོས་སུ་མཇལ་ཏེ་བྱིན་གྱིས་རླབས་པ་དང་།དབུ་མ་ཐལ་འགྱུར་བའི་ལྟ་བ་ཐུན་མོང་མིན་པ་རྟོགས་ནས་ཟླ་བའི་བཞེད་སྲོལ་དྲི་མ་མེད་པ་ཉིད་བོད་དུ་ཐོག་མར་སྲོལ་གཏོད་པའི་ཚེ།སྡེ་སྣོད་འཛིན་པ་མང་དག་ཞིག་ནས་ལྟ་བའི་བཞེད་སྲོལ་དེ་དག་དབུ་མའི་ལྟ་བ་མིན་པ་དང་།མིང་རྐྱང་བཏགས་ཡོད་ཙམ་ནི་ཆད་ལྟ་ཡིན་ཞེས་བརྗོད་ཀྱང་།སེམས་དཔའ་ཆེན་པོ་ཤ་ར་བས་མགོན་པོ་ཀླུ་སྒྲུབ་ཀྱ?་དགོངས་པ་ཕྱི་ཅི་མ་ལོག་པ་ཡིན་པར་གཟིགས་ནས།ཀླུ་སྒྲུབ་ཡབ་སྲས་དང་།པ་ཚབ་ལ་མཆོད་པ་དང་བསྔགས་བརྗོད་ཆེ་ཆེར་མཛད་དེ།ལོག་པར་རྟོག་པ་དང་སྨྲ་བ་ངན་པ་རྣམས་རང་ཤུགས་ཀྱིས་དགགས་སོ།།དེས་ན་དེའི་སྔོན་དུ་ཐལ་འགྱུར་བའི་ལྟ་བ་འཛིན་པའི་མཁས་གྲུབ་གཉིས་ལྡན་གྱི་དབུ་མ་པ་ཆེན་པོ་དུ་མ་ཡོད་མོད་ཀྱང་།བོད་དུ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཐོག་མའི་དར་སྲོལ་དེ་ནས་བྱུང་བར་མངོན་ཏེ།དེའི་སྔོན་དུ་ཐལ་འགྱུར་བའི་ལྟ་བ་ཡོངས་སུ་གྲགས་ན་ལོག་པར་རྟོག་པ་དང་སྨྲ་བ་ངན་པ་དུ་མ་བྱུང་དོན་མེད་པའི་ཕྱིར།དབུ་མ་ཐལ་འགྱུར་བའི་ལུགས་བཟང་པོ་དེ་ཉིད་སྤེལ་བའི་ཕྱིར་ཤ་ར་བའི་སློབ་མ་རྣམས་ཀྱང་པ་ཚབ་?འི་དྲུང་དུ་བཏང་ནས།ལོ་ཙྰ་བ་ཉིད་ཀྱིས་ཆེས་དར་བར་མཛད་པ་ནི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་དུ་གསལ་ལོ།།མདོར་ན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཕྱག་ཆེན་རྩ་བར།སོ་སོར་མིང་འདོགས་མང་ན་ཡང་།།ངེས་དོན་ལུང་རིགས་ལ་མཁས་ཤིང་།།ཉམས་མྱོང་ཅན་གྱི་རྣལ་འབྱོར་པས།།དཔྱད་ན་དགོངས་པ་གཅིག་ཏུ་འབབ།།ཅེས་གསུངས་པ་ལྟར།དུས་ད་ལྟའང་བོད་ཀྱི་ནང་བསྟན་གྱི་ཆོས་ལུགས་བཞི་ཀ་བླ་མའི་མན་ངག་དང་།ཐ་སྙད་ཚིག་ཙམ་ལ་ཁྱད་པར་ཅུང་ཟད་བྱུང་བ་ཙམ་ལས།དོན་དངོས་ལ་ལྟ་བ་རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་དབུ་མ་ཐལ་འགྱུར་བའི་ལྟ་བ།སྒོམ་པ་བྱིང་རྒོད་ཀྱི་སྐྱོན་དང་བྲལ་བའི་ཞི་ལྷག་ཟུང་འབྲེལ་གྱི་?ྣལ་འབྱོར།སྤྱོད་པ་སེམས་བསྐྱེད་ལ་བརྟེན་ནས་ཕྱིན་དྲུག་གི་ཉམས་ལེན།གྲུབ་མཐའ་ནང་པའི་གྲུབ་མཐའ་བཞིའི་ནང་ནས་ཐེག་ཆེན་པའི་གྲུབ་མཐའ།བསྟན་པ་མདོ་སྔགས་གཉིས་ཀའི་གཞི་ལམ་འབྲས་གསུམ་ཆ་ཚང་བ་འདོད་པ་ལ་ཁྱད་པར་མེད་དོ།།

 

རྩ་བའི་ས་བཅད་གཉིས་པ་སྐབས་དོན་དངོས་དགེ་ལུགས་པའི་ཆོས་འབྱུང་གི་རིམ་པ་སྙིང་པོ་བསྡུས་ནས་འཆད་པ་ལ།དགེ་ལྡན་པའི་རིང་ལུགས་འཛིན་པ་རྣམས་ཀྱང་བཀའ་གདམས་པའི་གཞུང་ལུགས་རྒྱུད་འཛིན་བྱེད་པར་ཚད་ལྡན་ལུང་གིས་སྒྲུབ་པ།མཉམ་མེད་ཙོང་ཁ་པ་ཆེན་པོ་མཆོག་ཐུན་མོང་གདུལ་བྱའི་སྣང་ངོར་མཚན་བལྟས་ཁྱད་པར་དང་བཅས་པའི་སྒོ་ནས་བསམ་བཞིན་དུ་སྐྱེ་བར་བཞེས་ཚུལ།  ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མདོ་སྔགས་ཀྱི་གཞུང་དོན་ལ་ཐོས་བསམ་རྒྱ་ཆེར་མཛད་ཚུལ།དེ་ལ་བརྟེན་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་མཛད་ཚུལ།གསུང་སྐྱེས་སློབ་མའི་ཚོགས་གྲགས་ཆེ་བ་ཁ་ཅིག་གི་མཚན་ངོས་བཟུང་བ།མཐར་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ལས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་དང་དྲུག

 

དང་པོ་དགེ་ལྡན་པའི་རིང་ལུགས་འཛིན་པ་རྣམས་ཀྱང་བཀའ་གདམས་པའི་གཞུང་ལུགས་རྒྱུད་འཛིན་བྱེད་པར་ཚད་ལྡན་ལུང་གིས་སྒྲུབ་པ་ནི།

 

དགེ་ལྡན་པའི་བསྟན་པའི་བདག་པོ།  གངས་རིའི་ཁྲོད་ཀྱི་བསྟན་འཛིན་ཀུན་གྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ།རྒྱལ་བ་སྲས་བཅས་ཀུན་གྱི་མཛད་པའི་ཁུར་ཆེན་པོ་གཅིག་ཏུ་བསྣམས་པ།སྐལ་ལྡན་གདུལ་བྱ་ཀུན་གྱི་དད་པའི་གསོས་སུ་གྱུར་པ་སྤྲུལ་གཞི་འཇམ་དབྱངས་མིའི་གར་གྱི་རྣམ་རོལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོགངེས་པའི་དོན་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་ངོ་བོ་གཅིག་ཀྱང་།དྲང་དོན་གདུལ་བྱའི་སྣང་ངོར་བྱང་ཆུབ་སེམས་དཔའ།ལོ་ཙྰ་བ།པཎ་གྲུབ་དུ་མའི་སྐྱེ་རབས་ཀྱི་ཕྲེང་བ་རྒྱུན་མི་ཆད་པར་བྱོན་པའང་མདོ་རྒྱུད་ཀྱི་ལུང་སྤྱི་དང་།རྒྱ་བོད་ཀྱི་ཚད་ལྡན་མཁས་གྲུབ་

 

རྣམས་ཀྱི་ལུང་བསྟན་དུ་མ་རྣམ་ཐར་དུ་མའི་ནང་མཆིས་ལ།ཁྱད་པར་དུ་བཀའ་གདམས་པའི་གཞུང་ལུགས་རྣམས་རྗེ་རིན་པོ་ཆེ་མཆོག་གིས་རྒྱས་པར་མཛད་པའང་ཇོ་བོ་ཉིད་ཀྱིས་ལུང་གསལ་བར་བསྟན་པ་ཡིན་ཏེ།བཀའ་གདམས་གླེགས་བམ་རིན་པོ་ཆེ་ཕ་ཆོས་ཉི་ཤུ་རྩ་དྲུག་གི་ཡ་གྱལ་འབྲོམ་གྱིས་འབུལ་མོ་ཆེ་མཛད་པ་ལས་འཕྲོས་པའི་མ་འོངས་ལུང་བསྟན་དུ།བདག་གི་སྤྲུལ་པ་དམ་པ་གཅིག།རེས་འགའ་དགེ་སློང་ཉིད་དུ་སྤྲུལ།།དེས་ནི་གནས་དེ་སྐྱོང་བར་བྱེད།།རེས་འགའ་བྱིས་པའི་གཟུངས་སུ་འོང་།།རེས་འགའ་དབུལ་ཕོངས་སྤྲང་པོའི་གཟུགས།།རེས་འགའ་བྱོལ་སོང་བྱ་ཁྱིའི་གཟུགས།།རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས།།རེས་འགའ་ཡ?ག་འབྲུ་གཟུངས་ཀྱི་གཟུགས།།གྲགས་པ་ཅན་གྱི་དགེ་སློང་ངོ་།།བསྟན་གནས་བར་དུ་ཡང་ཡང་འོང་།།དེ་ནི་རྒྱུད་པ་ཉིད་དང་མཚུངས།།ཁྲིམས་ལྡན་དེ་ཡིས་བྱིན་བརླབས་ཤིང་།།སྐྱེས་བུ་གསུམ་ནི་དོན་གཉེར་བའི།།བྱ་བ་མྱོང་བ་བརྒྱ་ཕྲག་ཙམ།།གནས་དེར་བསམ་གཏན་སྒོམ་པར་བྱེད།།དེ་ལའང་ཅུང་ཟད་ལྟ་བས་གནོད།།འདོད་ཡོན་བདུད་ཀྱི་གཡབ་མོ་ཡིན།།བསམ་ལྡན་ཆགས་སྡང་དག་ལ་འཆོར།།འོན་ཀྱང་སྤྲུལ་པས་བྱིན་རླབས་པས།།ལྷ་དང་བཅས་པའི་མཆོད་པའི་གནས།།བཀུར་འོས་ཉིད་དུ་ངེས་པར་འགྱུར།།མདོར་ན་གནས་མཆོག་དེ་དག་ཏུ།།མཐའ་མ་སྟོང་ཕྲག་ཕྱེད་དང་གསུམ།།བསླབ་པ་གསུམ་ལྡན་ཤྰ་ཀྱའི་སྲས།།འགྲོ་བ་ཀུན་གྱི་མགོན་དུ་འགྱུར?།གནས་དེར་ཕྱོགས་དང་ཕྱོགས་མཚམས་ནས།།དགེ་འདུན་དཔག་མེད་འདུ་བར་འགྱུར།།སྤྱིར་ཡང་ལས་ཅན་ཕྱོགས་བཅུར་འཕྲོ།།ཕྱི་ཡི་རྒྱ་མཚོ་དག་དང་མཚུངས།།ཆུ་བོ་བརྒྱ་ཡིས་གང་མི་ནུས།།ཅི་ཙམ་ཞིག་གིས་དམའ་མི་ནུས།།ཞེས་དང་།དེ་ཉིད་ལས།མཐའ་མར་བསྟན་པའི་མེ་རོ་དག།གྲགས་པའི་མཚན་གྱིས་གསོ་བར་བྱེད།།དུ་མའི་ཕན་བདེ་སྒྲུབ་བྱེད་པའི།།དེ་ཡང་གནས་མཆོག་དམ་པ་ཡིན།།ཞེས་དང་།གླེགས་བམ་གྱི་རྡོ་རྗེའི་གླུ་ལས།མར་མེ་མཛད་ཀྱང་གནས་མཆོག་འདིར།།སྒྲོལ་མར་བཅས་ཏེ་སྤྲུལ་སྟོང་འགྱེད།།ལྷག་པར་ཆགས་མེད་བསོད་སྙོམས་པས།།སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས།།ཕྱོགས་བཞིའི་ལས་ཅན་དབང་དུ་སྡུད།།ང་ཡིས་མཆོད་?ོགས་རྒྱས་པར་བྱེད།།མར་མེ་མཛད་དང་བྱམས་པ་ཡང་།

 

 

 

།ཁྱོད་ཀྱི་གྲོགས་བཟང་སྤེལ་བར་བྱེད།།རིང་པོར་མི་ཐོགས་གནས་མཆོག་འདིར།།མཆོད་ཚོགས་རྒྱ་མཚོ་འདུ་བར་འགྱུར།།སྤྱན་རས་གཟིགས་དབང་བཟང་པོར་སྤྲུལ།།ཞེས་ཇོ་བོ་རང་ཉིད་ཀྱིས་བཀའ་གདམས་པའི་བསྟན་པ་སླར་སྤེལ་བའི་སླད།སྤྲུལ་པ་བརྒྱ་ཕྲག་དུ་མ་ལས་གཙོ་བོར་གྱུར་པ་རྗེ་ཙོང་ཁ་པར་བྱོན་ནས་རྒྱ་བོད་ཧོརགསུམ་དུ་ལས་ཅན་གྱི་གདུལ་བྱ་གྲངས་ལས་འདས་པ་སྨིན་གྲོལ་གྱི་ལམ་བཟང་པོར་བཀོད་པར་སོགས་བསྟན།   དེ་བཞིན་བོད་དུ་འགྲོ་བའི་དོན་མཛད་ཚུལ་ཀྱང་རྩོད་མེད་ཡོངས་གྲགས་ཀྱི་ལུང་བསྟན་རྣམ་དག་དུ་མ་མཆིས་པའི་ནང་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས།འཇམ་དཔལ་རྩ་རྒྱུད་ཕྱག་རྒྱ་བསྐུལ་བའི་ཆོ་ག་འཇམ་དཔལ་གྱི་ཡོངས་ཞུས་བསྣན་པ་རབ་འབྱམས་ཉེར་བརྒྱད་པར་ལུང་བསྟན་པ་ལས།འཇིག་རྟེན་ང་ནི་མྱ་ངན་འདས།།ས་ཡི་སྟེང་འདི་སྟོངས་གྱུར་ན།།ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི།།སངས་རྒྱས་མཛད་པ་བྱེད་པར་འགྱུར།།དེ་ཚེ་དགོན་ཆེན་རབ་དགའ་བ།།ཁ་བ་ཅན་ན་ཡོད་པ་ཡིན།།ཞེས་དང་།འཇམ་དཔལ་རྩ་རྒྱུད་ཕན་ཡོན་དང་ཉེས་དམིགས་ཀྱི་ནུས་པ་བསྟན་པ་རབ་འབྱམས་སོ་དྲུག་པ་ལས།  ཡེ་གེ་བ་ཞེས་སྡོམ་བརྩོན་གྲགས།།དེ་ལས་གཞན་པ་དང་ཡིག་ར།།དང་པོའི་

ཡི་གེ་བ་གྲགས་པ།།སྟོན་པའི་གཟུགས་བརྙན་དོན་ཡང་བྱེད།།བོ་ལྡན་དང་པོ་ཡི་གེ་མ།།དེ་བཞིན་སྡོམ་བརྩོན་དད་པ་བྱུང་།།རྣམ་པ་ནུ་མར་སྡོམ་བརྩོན་གསུངས།།དེ་ཚེ་མཐའ་ཡས་འབྱུང་བར་འགྱུར།།སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང་།།སྟོན་པའི་བསྟན་པ་གསལ་བར་བྱེད།།བསྟན་པ་དེ་ཚེ་ས་སྟེང་དུ།།རྣམ་པར་ཉམས་ཤིང་སྣང་མེད་ལ།།སྟོན་པའི་གཟུགས་བརྙན་ཡིད་དུ་འོངས།།བྱེད་པར་འགྱུར་བར་ཐེ་ཚོམ་མེད།།ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ།།ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར།།དེ་བཞིན་འཇིག་རྟེན་སྦྱིན་གནས་འགྱུར།།སྲིད་པ་གསུམ་གྱི་མཐར་ཡང་བྱེད།།སྔགས་དང་རྒྱུད་ལ་མངོན་བརྩོན་པའི།།གྲགས་པ་འཛིན་པར་ཤེས་པར་བྱ?།ཞེས་གསུངས་སོ།།

 

 

 

 

 

གཉིས་པ་ཐུན་མོང་གདུལ་བྱའི་སྣང་ངོར་མཚན་བལྟས་ཁྱད་པར་དང་བཅས་པའི་སྒོ་ནས་བསམ་བཞིན་དུ་སྐུ་བལྟམས་ཚུལ།

 

ཐོག་མར་སྐུ་བལྟམས་པའི་སྔོན་དུ་མཚན་བལྟས་ཁྱད་པར་ཅན་ཇི་བྱུང་བརྗོད་པའི་སྒོ་ནས་འཆད་པ་ལ།དེ་ཡང་གང་གི་ཡོངས་འཛིན་དམ་པ་ཆོས་རྗེ་དོན་གྲུབ་རིན་པོ་ཆེ་མཆོག་ལ་རྨིས་ལྟས་སུ།

༡༽ཆོས་རྗེའི་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་ཞལ་གཟིགས་སྐབས།དངོས་སུ་མཇལ་བའི་གསོལ་བ་བཏབ་པས།ཙོང་ཁའི་ཕྱོགས་སུ་ཞལ་གཟིགས་ནས།སང་ཕོད་ད་ཙམ་ལུང་པ་འདིའི་མདའ་རུ་འོང་།དེ་བར་བདེ་བར་གྱིས་གསུངས་པར་རྨིས།

༢༽ཡབ་ལ་འཇམ་དབྱངས་ཀྱི་རྨིས་ལྟས་བྱུང་ཚུལ་ནི།རྒྱ་ནག་རི་བོ་རྩེ་ལྔ་ནས་འོང་ཟེར་བའི་བཙུན་པ་མེ་ཏོག་གི་ཕྲེང་བ་དུ་མ་སྤེལ་བའི་ཆོས་གོས་དང་།སུམ་ཅུ་རྩ་གསུམ་གྱི་ཤིང་ལོ་ཡིན་ཟེར་བ་དར་སེར་པོ་འདྲ་བའི་ཤམ་ཐབས་ཅན།པོ་ཏི་འཁྱེར་བ་ཞིག་བྱུང་ནས་ང་ཁྱེད་ལ་གནས་ཤིག་གཡོར་བ་ཡིན་ཟེར་ནས།ཁང་ཐོག་ན་མཆོད་ཁང་ཞིག་ཡོད་པའི་ནང་དུ་སོང་བའི་སྣང་བ་བྱུང་།

༣༽ཡུམ་ལ་ཁྲུས་བྱེད་པའི་རྨིས་ལྟས་བྱུང་ཚུལ་ནི།མེ་ཏོག་གི་ཐང་ཞིག་ཏུ་བུད་མེད་སྟོང་ཕྲག་གཅིག་བྲལ་ལ་འཁོད་འདུག་པའི་ཁྲོད་དུ་ཡུམ་ཉིད་ཀྱང་བཞུགས་འདུག་པ་ལ།ཤར་ནས་ཁྱེའུ་དཀར་པོ་བུམ་པ་འཛིན་པ་ཞིག་དང་།ནུབ་ནས་བུ་མོ་དམར་མོ་རྨ་བྱའི་སྒྲོ་མདོངས་སྡེར་མ་ཙམ་ཡོད་པ་ཞིག་གཡས་སུ་བཟུང་།མེ་ལོང་ཆེན་པོ་ཞིག་གཡོན་དུ་བཟུང་ནས་བྱུང་བས་དེ་གཉིས་གྲོས་བྱས་ཏེ།བུད་མེད་ཐམས་ཅད་ལ་འདིས་རུང་ངམ།འདིས་རུང་ངམ་ཞེས་ཁྱེའུ་དེས་བུ་མོ་དེ་ལ་དྲི་ཞིང་།བུ་མོ་དེས་བུད་མེད་གཞན་རྣམས་རེ་རེ་ལ་སྐྱོན་བཏགས་པའི་མཐར།ཁྱེའུ་དེ་ཡུམ་ཉིད་ལ་འཛུམ་མོ་བཙུགས་ནས་རུང་ངམ་ཞེས་དྲི་བ་ལ།བུ་མོ་དེས་འཛུ?་བྱས་ནས་རུང་ཟེར་བས།ཁྱེའུ་དེས་ཡུམ་ལ་འོ་ན་ཁྱེད་ཀྱིས་ཁྲུས་གྱིས་ཟེར་ཏེ།བུམ་པའི་ནང་ནས་ཆུ་སྤྱི་བོར་བླུགས་ཤིང་།ཇི་ལྟར་བལྟམས་པ་ཞེས་སོགས་དབྱངས་དང་བཅས་ནས་ཁྲུས་

 

 

 

བྱས་པས།ལུས་ཀྱི་དྲི་མ་དག་ནས་བདེ་སང་སང་བའི་སྣང་བ་ཞིག་བྱུང་བས་གཉིད་སད་ནས་ལུས་ཡང་བ་དང་།སེམས་བདེ་བ་སོགས་ཀྱི་དགེ་མཚན་དུ་མ་བྱུང་། 

༤༽  ཡུམ་མི་ཁྱིམ་མཚེས་རྣམས་ལའང་ཇོ་བོ་རིན་པོ་ཆེ་གདན་དྲངས་པའི་རྨིས་ལྟས་བྱུང་ཚུལ་ཡང་།དགེ་འདུན་མང་པོས་ལྷ་ས་ཇོ་བོ་རིན་པོ་ཆེ་དབུས་ནས་གདན་དྲངས་ཏེ།ཡབ་ཀྱི་ནང་དུ་ཕེབས་ཚུལ་སོགས་མཚན་ལྟས་དུ་མ་དང་བཅས།བདག་ཉིད་ཆེན་པོ་དེ་ཐོག་མར་སྐུ་བལྟམས་པའི་མཛད་པ་གང་དུ་བསྟན་པའི་ཡུལ་ནི།མདོ་ཁམས་སྨད་ཀྱི་ས་ཆ་ཤར་ཙོང་ཁ་ཞེས་གྲགས་ཤིང་།༼དེང་སང་མཚོ་སྔོ་ཞིང་ཆེན་ཁོངས་སྐུ་འབུམ་དགོན་པ་ཆགས་ཡུལ་དེ་ཡིན་པར་ཡོངས་སུ་གྲགས།༽   ཡབ་ནི།དཔའ་ཞིང་བཟང་བ།མཁས་ཤིང་སྙིང་སྟོབས་ཅན།འབྱོར་ཞིང་རང་བཞིན་དྲང་བ་སོགས་གཞན་གྱི་ཡིད་དུ་འཐད་པའི་ཆོས་ཀྱིས་བརྒྱན་པ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་།ཡུམ་ནི།གཡོ་སྒྱུ་ཆུང་བ།སེམས་ཀྱི་ངང་རྒྱུད་མཆོག་ཏུ་བཟང་བ་ཤིང་མོ་ཨ་ཆོས་གཉིས་ལ།༼བོད་རྒྱལ་ལོ་༡༤༨༤རབ་བྱུང་དྲུག་པ་མེ་བྱ་ཧོར་ཟླ་དང་པོ།ཕྱི་ལོ་༡༣༥༧༽ལོར་ཡུམ་ལས་སྐུ་བལྟམས་པ་དེའི་ཚེ།བདག་ཉིད་ཆེན་པོ་འདི་ཉིད་ཀྱི་དབུ་ནི་གདུགས་ལྟ་བུ།  འཔྲལ་བ་དབྱེས་ཆེ་ཞིང་།སྨིན་མ་འཇར་ལ།ཤངས་ཀྱི་གཟེངས་མཐོ་བ།སྙན་ཤལ་

རིང་དུ་ཕྱང་ཞིང་།ཡན་ལག་དང་ཉིང་ལག་རྒྱས་ལ།དཀུ་སྐབས་ཕྱེད་པ་དང་།དབང་པོ་ཡོངས་སུ་གསལ་ཞིང་།པགས་པ་མདོག་ནི་མེ་ཏོག་ཀུ་མུ་ད་ལྟར་དཀར་བས་བྱིས་པ་གཞན་དང་མི་མཐུན་པའི་མཚན་གྱི་དཔལ་གྱིས་མཛེས་པ་མིག་གི་བདུད་རྩི་ཞིག་བཙས།གཞོན་ནུ་དེ་ཡང་བྱིས་པའི་རྒུད་པ་དང་།བག་མེད་ཀྱི་རྩེ་བ་མཐའ་དག་ལས་ལོག་ཤིང་།རང་བཞིན་གྱིས་ཉེས་སྤྱོད་བསྡམས་པ།ཀུན་ལ་སྙན་པར་སྨྲ་ཞིང་ཁྲོ་བ་སྤངས་པ།འགྲོགས་ན་བདེ་ཞིང་དབུལ་ཕོངས་དག་ལ་གཏོང་བའི་ཕྱག་བརྐྱངས་པ།མགོན་མེད་དག་ལ་སྙིང་བརྩེ་ཞིང་བདེན་པར་སྨྲ་བ།བློ་གྲོས་དཔག་པར་དཀའ་ཞིང་ཆོས་ཚོལ་བ་ལ་ངང་གིས་ཞུགས་པ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐ?་དག་ཆེད་དུ་བསླབ་མི་དགོས་པར་ཞིག་བྱུང་ངོ་།།དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས།བསྟན་པའི་གཞི་མ་སོ་ཐར་གྱི་སྡོམ་པ་དང་།ཡོན་ཏན་གྱི་གཞི་ཡང་ཚུལ་ཁྲིམས་

 

 

 

ཉིད་དུ་གསུངས་པ་བཞིན།གཞོན་ནུས་འདི་ཉིད་རབ་བྱུང་ལོ་གྲངས་མ་སོན་པའི་སྔོན་ཏུ།  ༼བོད་རྒྱལ་ལོ་༡༤༨༦རབ་བྱུང་དྲུག་པ་ས་ཕགཕྱི་ལོ་༡༣༥༩ལོར༽  ཀརྨ་པ་རོལ་པའི་རྡོ་རྗེ་ཀུན་འདུས་ནས་དགེ་བབསྙེན་གྱི་སྡོམ་པ་མནོས་ཏེ།མཚན་ལ་ཀུན་དགའ་སྙིང་པོ་ཞེས་བཏགས་སོ།།མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང་།གཞོན་ནུ་ཉིད་ནས་རྒྱལ་བའི་བརྟུལ་ཞུགས་ཀུན།།མ་སྨད་ཚུལ་ཁྲིམས་མཆོག་གིས་ལེགས་བསྡམས་ཤིང་།།སྐྱེ་བ་ཀུན་ཏུ་གཅིག་ཏུ་བག་ཡོད་ལ།།གོམས་པའི་མཐུ་ལྡན་ཁྱོད་ལ་གསོལ་བ་འདེབས།།ཞེས་གསུངས།

རབ་ཏུ་མ་བྱུང་བའི་སྔ་རོལ་ཉིད་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་ཅིང་།བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དྲིལ་བུ་པ་དང་།ཀྱེ་རྡོ་རྗེ།ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར།དབང་ཐོབ་ནས་ཀྱང་རིག་པ་འཛིན་པའི་སྡོམ་པ་དང་དམ་ཚིག་ཡོངས་སུ་རྫོགས་པ་མིག་གི་འབྲས་བུར་ལྟར་བསྲུང་བར་མཛད།  བདེ་མཆོགདགྱེས་རྡོར།ཀུན་རིགགཤིན་རྗེ་གཤེད་ལ་སོགས་པ་དཀྱིལ་ཆོག་དུ་མ་ཐུགས་ལ་བཟུང་ནས།བདེ་མཆོག་དྲིལ་བུ་པའི་བདག་འཇུག་ཀྱང་ལན་མང་དུ་མཛད་ཅིང་།ལྷའི་རྣལ་འབྱོར་དང་བཟླས་པའི་རིམ་པ་སོགས་ལ་གཅིག་ཏུ་

གཞོལ་བར་མཛད་དོ།།སྐབས་ཤིག་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོ་ཕྱག་གཉིས་པའི་རྣམ་པ་ཞིག་ཡུན་རིང་པོའི་བར་དུ་ནུབ་རེ་ཞིང་མནལ་ལམ་དུ་གསལ་བར་འཆར་བ་དང་།ཁྱད་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མནལ་ལམ་དུ་ནར་མར་འོང་བ་ཞིག་བྱུང་།དེ་ཡང་ཇོ་བོ་རྗེ་སླར་ཡང་ཁ་བ་ཅན་པའི་བསྟན་པ་ཉམས་པ་གསོ་བའི་སླད་དུ་བྱོན་པ་ལྟར།མདོ་སྔགས་ཀྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པས་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད་དེ།བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུར་འགྱུར་བ་འདི་ཉིད་ཀྱིས་སྔ་ལྟས་ཡིན་པར་གདོན་མི་ཟ་བར་ངེས་སོ།།

 

 

 

 

 

གསུམ་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མདོ་སྔགས་ཀྱི་གཞུང་དོན་ལ་ཐོས་བསམ་རྒྱ་ཆེར་མཛད་ཚུལ།

 

སྐྱེས་རབས་ལས།བཙོན་ར་འདྲ་བའི་ཁྱིམ་ལ་ནི།།ནམ་ཡང་བདེ་བར་མ་སེམས་ཤིག།ཕྱུག་གམ་ཡང་ན་དབུལ་ཡང་རུང་།།ཁྱིམ་ན་གནས་པ་ནད་དུ་ཆེ།།ཞེས་གསུངས་པ་ལྟར་ཁྱིམ་ན་གནས་པ་ནི་བྱ་བ་ངན་པ་རྣ་ཚོགས་པའི་ལས་ཀྱིས་བྲེལ་བའི་འཆིང་བ་དམ་པོས་བསྡམས་པ།བག་མེད་པའི་གནས་སུ་གྱུར་ཅིང་།འཁོར་བའི་གནས་གང་དུ་གནས་ཀྱང་ཁབ་ཀྱི་རྩེ་མོར་གནས་པ་དང་འདྲ་བར་བཟོད་པར་དཀའ་ལ།རབ་ཏུ་བྱུང་བ་ནི་ཉེས་པ་དེ་དག་ལས་ལྡོག་ཅིང་།དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་དམ་པའི་ཆོས་བྱེད་པའི་རྟེན་མཆོག་ཏུ་བསྔགས་པ་རབ་ཏུ་བྱུང་བ་ཉིད་ཡང་དག་པར་བླངས་སོ་སྙམ་དུ་དགོངས་པས་ན།བདག་ཉིད་ཀྱང་དམ་པ་གོང་མའི་རྣམ་ཐར་གཙང?མའི་རྗེས་སུ་ཅིའི་ཕྱིར་མི་འཇུག་སྙམ་དུ་དགོངས་པ་སོགས་སྔོན་གྱི་གོམས་པར་བྱས་པའི་བཟང་པོའི་རིགས་ཀྱི་བག་ཆགས་ཡོངས་སུ་སད་པས།   པདྨའི་མཚོ་ལ་ངང་པ་

འཇུག་པ་ལྟར་ཐུགས་ཤིན་ཏུ་སྤྲོ་བ་དང་དགྱེས་པའི་སྒོ་ནས་༼བོད་རྒྱལ་ལོ་༡༤༩༠རབ་བྱུང་དྲུག་པ་ཆུ་ཡོས་ཕྱི་ལོ་༡༣༦༣༽དགུང་ལོ་བདུན་ལ་ཕེབས་པའི་ཚེ།ལུང་རྟོགས་ཀྱི་བསྟན་པའི་མངའ་བདག་མཚུངས་མེད་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གིས་མཁན་པོ་དང་།མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པའི་པྜྷཎྜིཏ་ཆེན་པོ་ཏ་དབེན་གཞོན་ནུ་སེང་གེ་ཞེས་གྲགས་པའི་སློབ་མ་གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ།ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ནས་ཚངས་པར་སྤྱོད་པ་རྒྱུ་སྐར་གྱི་ཕྲེང་བའི་དབུས་ན་ཆེ་ཆེར་མངོན་པར་འཕགས་པ་སྟོན་ཀའི་ཟླ་བ་ལྟ་བུ་གྱུར་ཅིང་།མཚན་ལའང་བློ་བ?ང་གྲགས་པའི་དཔལ་ཞེས་བྱ་བ་གསོལ་ཏོ།།ཆོས་རྗེ་དོན་གྲུབ་རིན་ཆེན་པས་རྗེ་བདག་ཉིད་ཆེན་པོ་བསྟན་པའི་བདག་པོ་འགྱུར་བ་མཁྱེན་ནས་བྱིས་པའི་དུས་ཉིད་ནས་བདག་གིར་མཛད་དེ།འཇམ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མ་དང་།རབ་ཏུ་

 

 

 

བྱུང་བ་དང་།རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་པ་སོགས་ཇི་ལྟར་སྨན་གྱི་ལྗོན་པ་ཆེན་པོའི་མྱུ་གུ་ལྟར་ལེགས་པར་བསྐྱངས།རྗེ་ཉིད་ནས་ཀྱང་བླ་མ་དེའི་མཚན་བརྗོད་པ་ཙམ་ལའང་ཕྱག་ཐལ་མོ་སྦྱར་ནས་སྤྱན་ཆབ་བསིལ་བ་དང་།མྱང་ངན་ལས་འདས་ནས་དུས་མཆོད་མ་ཆག་པར་མཛད་པ་སོགས་བཀའ་དྲིན་ཆེ་ཤོས་ཀྱི་བླ་མ་གཅིག་ཏུ་མཛད།

རབ་ཏུ་བྱུང་ཟིན་ནས།འདི་སྙམ་དུ་དགོངས་པར་གྱུར་ཏེ།སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་བྱུང་ནས་དེའི་ལས་སུ་བྱ་བ་ནི་གཉིས་ཏེ།འདི་ལྟར་ཀློ་པ་ཐོས་བསམ་དང་།སྤོང་བ་བསམ་གཏན་གྱི་བྱ་བ་གཉིས་སོ།།དེ་གཉིས་ལས་ཀྱང་ཐོག་མར་གང་ལས་སུ་བྱ་བ་ནི།མགོན་པོ་བྱམས་པས།འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་།།ཚུལ་བཞིན་ཡིད་ལ་བྱེད་པ་ལས་ནི་ཡང་དག་དོན་རྟོགས་ཡེ་ཤེས་འབྱུང་།ཞེས་གསུངས་པ་ལྟར།བདག་གིས་ཀྱང་ཐོག་མར་ཐེག་པ་ཆེན་པོའི་ལམ་འབྲས་ཕྱི་ཅི་མ་ལོག་པར་སྟོན་པའི་བཤེས་གཉེན་མཁས་པའི་དེད་དཔོན་ལ་བརྟེན་ཏེ།རྒྱལ་བའི་མདོ་སྔགས་?ྱི་གསུང་རབ་རྒྱ་མཚོ་ཆེན་པོར།བརྩོན་པའི་གྲུ་བོ་དུས་དང་

མཐུན་པའི་རླུང་གིས་བསྐྱོད་ནས།གསུང་རབ་ཀྱི་དགོངས་དོན་ཡིད་བཞིན་གྱི་ནོར་བུ་འཚོལ་བ་ལ་དཔའ་ཞིང་།བརྟུལ་ཕོད་པ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟ་བུར་གྱུར་ཏོ།།དེ་ཡང་སྔོན་གྱིས་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བྱིན་གྱིས་རླབས་ཤིང་།བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པའི་སྒྲོན་མེ་ཆེས་ཆེར་དང་པོར་གསལ་བར་མཛད་པ་དང་།བར་དུ་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་དམ་པ་རྣམས་ཀྱིས་རྒྱས་པར་མཛད་པའི་དྲིན་ལས།དུས་ད་ལྟའང་རྒྱུན་མ་ཉམས་པར་གནས་པའི་ཡུལ་མཆོག་ཏུ་གྱུར་པ་ནི་དབུས་གཙང་གི་ཆོས་ཀྱི་ཞིང་ས་ཞེས་གྲགས་པ་དེ་ཉིད་ཡིན་པས་ཕྱོགས་དེར།།༼བོད་རྒྱལ་ལོ་༡༤༩༩རབ་བྱུང་དྲུག་པ་ཆུ་བ?ི།ཕྱི་ལོ་༡༣༧༢༽དགུང་ལོ་བཅུ་དྲུག་ལ་ཕེབས་པའི་ཚེ།བླ་མའི་བཀས་ཀྱང་བསྐུལ་ཞིང་།རྗེ་ཉིད་ཀྱང་པདྨའི་མཚོ་ལ་ངང་པ་འཇུག་པ་ལྟར་སྤྲོ་ཤུགས་དྲག་པོས་དབུས་གཙང་གི་ཕྱོགས་སུ་འབྱོན་པར་བརྩམས།སྐབས་དེར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞལ་ནས།ངས་ཁྱོད་ལ་ཆོས་ཤིག་འཆད་པ་ཡིན།ཅི་

 

 

 

འདྲ་ཞིག་འདོད་གསུངས་པ་ལ།  སེམས་ལ་ཕན་པའི་ཞལ་ཏ་ཞིག་ཐུགས་ལ་འདོགས་འཚལ་ཞུས་པས།  ཆོས་རྗེ་དེ་ཉིད་མ་འོངས་མངོན་སུམ་མཁྱེན་པའི་མངོན་པར་རྟོགས་པ་མངའ་བའི་སྟོབས་ཀྱིས།འབྱུང་འགྱུར་ལུང་བསྟན་བསླབ་བྱའི་ཚུལ་དུ།དང་པོར་ཐོས་བསམ་འདི་ལ་གྱིས།དེ་ནས་དེ་དག་གི་དོན་ཉམས་སུ་ལོངས་ལ།ཞེས་སོགས་ཐོས་བསམ་སྒོམ་གསུམ་གྱི་རིམ་པ་དང་།དེ་རྗེས་གདུལ་བྱ་སྨིན་པར་གྱིས་ཤིག་ཅེས་པ་ཚིགས་སུ་བཅད་པའི་སྒོ་ནས་གསུངས།གདམས་པ་དེ་དག་རྗེ་ཉིད་ཀྱིས་ཟིན་བྲིས་སུ་མཛད་ནས་བྱོན་པས་དབུས་སུ་ཕེབས་ཙམ་ནས་དེ་བོར།དུས་ཕྱི་ཚིག་ཕལ་ཆེ་བ་བསྙེལ་འདུག་ནའང་།ཐོས་བསམ་གྱི་རིམ་པ་ཐམས་ཅད་དེ་དང་མཐུན་པར་བྱུང་འདུག་གསུངས།གདམས་པའི་ཚིག་ཐོ་རེ་བ་ཐུགས་ལ་བཞུགས་པ་ནི་འདི་ལྟར།

གཞོན་ནུ་བློ་བཟང་གྲགས་པ་ཁྱོད།།སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན།།སྔོན་ཚེ་དམ་ཆོས་བདུད་རྩིའི་རོ།།མཐུངས་པའི་བག་ཆགས་ཡོད་པར་ངེས།།ཞེས་དང་།ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི།།རྒྱན་དུ་གྱུར་པའི་མངོན་རྟོགས་རྒྱན།།ཐོག་མར་བསླབ་ཅིང་ནན་ཏན་བྱ།།དེ་ལ་མཁས་པར་གྱུར་པ་ན།།

ལུང་ཆོས་ཀུན་ལ་འཕྲིག་ཚུད་འགྱུར།  །དེ་ཡང་སེམས་ཀྱི་ཟུར་ལ་ཞོག།དེ་ནས་བྱང་ཆུབ་སེམས་དཔའ་ཡི།།ལམ་དང་སྤྱོད་པའི་རྣམ་གཞག་དག།སྟོན་པར་བྱེད་པའི་མདོ་སྡེ་རྒྱན།།མཁས་པའི་ཡན་ལག་དག་ཏུ་བསླབ།།འཁོར་བ་མྱ་ངན་འདས་པ་ཡི།།རྟེན་དུ་སྟོན་པའི་ཆོས་དང་ནི།།ཆོས་ཉིད་རྣམ་འབྱེད་བསྟན་བཅོས་དང་།།ཐོག་མ་ཐ་མ་རྣམ་སྤངས་པའི།།དབུ་མའི་ལམ་ནི་སྟོན་པས་ན།།དབུས་དང་མཐའ་ནི་རྣམ་འབྱེད་དང་།།སེམས་ཀྱི་ཆོས་ཉིད་དག་པ་ནི།།སེམས་ཅན་ཀུན་ལ་ཡོད་པ་སྟེ།།དེ་ཉིད་བདེ་གཤེགས་སྙིང་པོར་ནི།།སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ།།བྱམས་ཆོས་ལྔ་པོ་དེ་དག་ལ།།མཁས་པར་བྱེད་པའི་གོ་ཆ་ཡིས།།རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་།།འབྲིང་དུ་སྟོན་པའ?་རྣམ་ངེས་དང་།།ཤིན་ཏུ་བསྡུས་པ་རིགས་ཐིགས་ཏེ།།ལུས་དང་འདྲ་བའི་བསྟན་བཅོས་གསུམ།།གཏན་ཚིགས་ཐིགས་པ་འབྲེལ་བརྟག་དང་།།རྒྱུད་གཞན་སྒྲུབ་པ་རྩོད་རིགས་ཏེ།།འཕྲོས་པ་ཡན་ལག་ལྟ་བུ་ཟེར།།ཆོས་ཀྱི་གྲགས་པ་ལས་བྱུང་

 

 

 

བའི།།ཚད་མ་སྡེ་བདུན་འཛམ་གླིང་ན།།སངས་རྒྱས་བསྟན་པ་གསལ་བྱེད་པ།།ཉི་མ་ཟླ་བ་ལྟ་བུར་གྲགས།།འདི་ཡི་འོག་ཏུ་དེ་རྣམས་སློབས།།དེ་ནས་འགའ་ཞིག་བརྗེད་པར་འདུག།མཚམས་ཤིག་ནས།བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི།།མཐའ་བྲལ་ཆེན་པོའི་ལྟ་བ་ལ།།གལ་ཏེ་མོས་པ་ཡོད་གྱུར་ན།།འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི།།དབུ་མ་རིགས་པའི་ཚོགས་རྣམས་དང་།།དེ་ཡི་རྗེས་འབྲང་ཟེར་བ་ཞིག་ཡོད་དེ།ལྷག་མ་རྣམས་བརྗེད་འདུག་གསུངས།

དབུས་སུ་ཕེབས་སྐབས་ལམ་ཕྱོགས་ཀྱང་བྱང་ལམ་ནས་མ་ཡིན་པར་མདོ་ཁམས་ལྷོ་བརྒྱུད་ཀྱི་ལམ་ནས་བྱོན་ཏེ།དབུས་སུ་ཐོག་མར་འབྲི་ཁུང་ཐེལ་བའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་དྲངས་ནས་འཕྲིན་ལས་པ་དང་འགྲོགས་ཏེ་བྱོན།  རབ་བྱུང་བཅུ་དྲུག་པ་ཆུ་གླང་།ཕྱི་ལོ་༡༣༧༣དགུང་ལོ་བཅུ་བདུན་པའི་ཚེ་འབྲི་ཁུང་དཔལ་གྱི་ནགས་ཁྲོད་དུ་ཕེབས།  སྐབས་དེར་འབྲི་ཁུང་གི་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་བཞུགས་པས་ཁོང་གི་སྤྱན་སྔར་མཇལ་ནས།ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་དང་།ཕྱག་ཆེན་ལྔ་ལྡན་ལ་སོགས་པ་གསན།  རྗེ་ཉིད་ཀྱི་ཐུགས་འདུན་ལ་དང་པོ་ཉིད་ནས་སློབ་གཉེར་ལ་བྱོན་པར་བཞེད་

ཀྱང་།གྲོགས་འགའ་ཞིག་གིས་བསྐུལ་བའི་རྐྱེན་གྱིས།ཚལ་པའི་སྨན་པ་མཁས་པ་དཔོན་དཀོན་མཆོག་སྐྱབས་ཞེས་པའི་གམ་དུ་བྱོན་ནས།གསོ་དཔྱད་ཀྱི་གཞུང་ལ་སྦྱངས་ཤིང་།ཡན་ལག་བརྒྱད་པ་ཐུགས་ལ་བཟུང་།གནས་དེར་ཧ་ཅང་ཡུན་རིང་མ་བཞུགས་པར།རྗེ་ཉིད་ཀྱིས།བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན།།ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར།།ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ།།འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས།།དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་།།འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི།།གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།།ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།།ཞེས་གསུངས་པ་ལྟར་རྒྱལ?བ་མི་ཕམ་མགོན་པོ་དང་།ཤིང་རྟ་ཆེན་པོ་རྣམ་གཉིས་སོགས་འཕགས་ཡུལ་མཛེས་པར་བྱེད་པའི་རྒྱན་དུ་གྱུར་པའི་མཁས་གྲུབ་གཉིས་ལྡན་རྣམས་ཀྱི་གཞུང་

 

 

 

 

ལུགས་ལ་མཐའ་ཆོད་པའི་སྦྱངས་པ་མཛད་པར་བཞེད་ནས།ཐོག་མར་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན།༼བདེ་བ་ཅན་ལ་དེ་སང་རྭ་སྟོད་ཞེས་གྲགས༽

 

 

ཕར་རོལ་ཏུ་ཕྱིན་པའི་གཞུང་ལ་ཐོས་པ་མཛད་ཚུལ།

 

བདེ་བ་ཅན་པའི་རིན་པོ་ཆེ་བཤེས་གཉེན་ཆེན་པོ་སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་།གདན་ས་པ་དགེ་བསྐོངས་པ་གཉིས་ཀ་ལ་ཆོས་འབྲེལ་གསན།ཀློག་པའི་སློབ་དཔོན་གཙོ་བོ་སློབ་དཔོན་ཆེན་པོ་ཡོན་ཏན་རྒྱ་མཚོ་དང་།ཞར་ཆོས་པ་སློབ་དཔོན་ཆེན་པོ་ཨུ་རྒྱན་པས་མཛད་ནས།རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་དང་བཅས་པ་ལ་ལེགས་པར་ཐུགས་སྦྱོང་མཛད།ཞག་བཅོ་བརྒྱད་ཙམ་གྱིས་གཞུང་འགྲེལ་གྱི་ཚིག་མཐའ་དག་ཤིན་ཏུ་བྱང་བར་ཐུགས་སུ་ཆུད་ཅིང་།  འཇམ་སྐྱའི་ཊྰི་

 

 

 

ཀའི་སྟེང་ནས་ཆོས་གསན་ཅིང་དོན་ཀུན་ཆུབ་པར་མཛད།སྦྱོར་བ་བརྩི་བ་སོགས་ཀྱི་ཐུགས་རྩོལ་ཆེར་མ་མཛད་ཀྱང་།རིང་པོ་མ་ལོན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས།སློབ་དཔོན་དང་གྲོགས་མཆེད་ཐམས་ཅད་ཀྱང་བློ་གྲོས་ཀྱི་རྩལ་ལ་དཔག་པར་དཀའ་བའི་བློས་ཆེས་ཆེར་ངོ་མཚར་བའི་གནས་སུ་འཛིན་ལ།  དེ་བཞིན་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ནི།སྔར་མདོ་སྨད་དུ་བཞུགས་དུས་ནས་ཐུགས་ལ་ཆུད་ཅིང་།བཤད་གསར་དང་།འཆད་པ་ལ་སོགས་མཛད་ཀྱང་།བྱམས་

 

 

 

ཆོས་ལ་མཁས་པར་གྲགས་པ་བདེ་བ་ཅན་པའི་བླ་མ་འཇམ་རིན་པའི་དྲུང་ནས།མདོ་སྡེ་རྒྱན་ལ་སོགས་པ་བྱམས་ཆོས་རྣམས་ལེགས་པར་གསན་ཅིང་ཐུགས་སུ་ཆུད་པར་མཛད།ཁྱད་པར་ཉ་དཔོན་ཀུན་དགའ་དཔལ་བའི་དྲུང་དུ་ཕར་ཕྱིན་གྱི་གཟབ་བཤད་ཚར་གཅིག་གསན་པས་ཐུགས་ཤིན་ཏུ་ཚིམ་པར་གྱུར།

 

 

འདུལ་བ་དང་མངོན་པའི་གཞུང་ལ་ཐོས་པ་མཛད་ཚུལ།

 

རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་དྲུང་དུ་མངོན་པ་མཛོད་རང་འགྲེལ་གྱི་སྟེང་ནས་མཛུབ་ཁྲིད་མཛད་དེ་གསན་པས།གསུང་བཤད་རྣམས་གཞུང་གི་ཚིག་རིས་ཙམ་ལ་བརྟེན་པ་མ་ཡིན་པར།བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་དོན་གྱི་ཁོག་ལེགས་པར་བསྒྲིགས་ནས་གཞུང་གི་གོ་བ་སྤྲོད་ལུགས་ཁྱད་དུ་ཕགས་པ་ཞིག་ཡོད་པས་ཐུགས་ལ་དད་སྤྲོ་ཆེ་པོ་འཁྲུངས།གང་གསུངས་ཐམས་ཅད་ལན་རེ་ཁོ་ནས་ཚིག་དོན་ལྷག་མ་མེད་པར་ཐུགས་སུ་ཆུད་ཅིང་།དཀའ་བའི་གནད་རྣམས་ལ་དྲི་གཏུགས་ལེགས་པར་མཛད་པས་རྗེ་བཙུན་པ་ཡང་ཐུགས་ཤིན་ཏུ་འཕྲོགས་པར་གྱུར་ཏེ།ཁྱོད་ལ་འཛུབ་ཁྲིད་བྱེད་པ་ལ་ལེགས་པར་སྒྲིམ་དགོས་པར་འདུག་ཅེས་?སུངས།དབུ་མ་འཇུག་པའང་ཚར་གཅིག་གསན།ཕྱིས་སུ་མངོན་པ་ཀུན་བཏུས་གཟབ་བཤད་དང་ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་ཞིབ་ཏུ་གསུངས་པས་སྤྱིའི་གོ་བ་ལེགས་པར་

འཁྲུངས།ཕར་ཕྱིན་དང་འདུལ་བ་རྣམས་ཀྱང་གསན་དབུ་ཚད་ཀྱི་རིགས་པའི་སྒོ་དང་པོ།རྗེ་བཙུན་རེད་མདའ་བ་ལས་བརྙེད་པས་དེ་ཉིད་མགྲན་ཟླ་མེད་པའི་བླ་མའི་གཙོ་བོར་མཛད།སྐྱོར་མོ་ལུང་པའི་མཁན་པོ་བཀའ་བཞི་པ་བློ་གསལ་ཞེས་པ་འདུལ་མཛོད་ལ་ཤིན་ཏུ་མཁས་པར་བྱེད་པ་ལ།འདུལ་བ་མདོ་རྩ་བའི་འགྲེལ་པ་ཆ་ལག་དང་བཅས་པ་རྫོགས་པར་གསན་པའི་ཞར་ལ་མདོ་རྩའི་རྒྱ་ཆེར་འགྲེལ་གྱི་དབུ་ནས་ཉིན་རེ་བཞིན་མདའ་ཚད་མ་བཅུ་བདུན་ཙམ་རེ་ཐུགས་ལ་བཟུང་།

 

 

 

ཚད་མའི་གཞུང་ལ་ཐོས་པ་མཛད་ཚུལ།

 

རྗེ་བཙུན་རེད་མདའ་མཆོག་དང་།  ལོ་ཙྰ་བ་དོན་བཟང་ལས་ཀྱང་གསན་པ་ལ་བརྟེན་ནས་ཚད་མ་སྡེ་བདུན་

མདོ་དང་བཅས་པ་ལ་ལེགས་པར་གཟིགས་རྟོགས་མཛད་ཅིང་།གུང་བསྒྲིགས་ནས་ལེགས་པར་གཏན་ལ་ཕབ་པས།སྡོན་བོད་ཀྱི་ནབཤད་སྲོལ་ཕལ་ཆེ་བ་འགྲེལ་པ་རྣམས་དང་ཆེས་མི་མཐུན་པར་གཟིགས་ནས།ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་འགྲེལ་བཤད་དང་བཅས་པ་དང་།རྣམ་འགྲེལ་གྱི་འགྲེལ་པ་ལྷ་ཤྰཀ་གཉིས།བྲམ་ཟེ་གཉིས་ཀྱི་འགྲེལ་པ།རྒྱན་མཁན་པོའི་འགྲེལ་པ།དེའི་འགྲེལ་བཤད་གཉིས།རྣམ་ངེས་རང་འགྲེལ།ཆོས་མཆོག་གིས་མཛད་པའི་རྣམ་ངེས་འགྲེལ་བཤད་དང་རིགས་ཐིག་འགྲེལ་པ་དང་བཅས་པར་ལེགས་པར་གཏན་ལ་ཕབ་ནས་ཐུགས་སྦྱང་མཛད་པས།རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་དགོངས་པ་དཔྱིས་ཕྱིན་པ་ཐུགས་སུ་ཆུད་པར་མཛད།

 

 

དབུ་མའི་གཞུང་ལ་ཐོས་པ་མཛད་ཚུལ།

རྗེ་ཉིད་ཀྱིས།མདོ་སྔགས་གཞུང་ལ་ངལ་བ་མང་བྱས་ཀྱང་།།ཟབ་དོན་ཉམས་སུ་ལེན་དང་སྨྲ་བ་ན།།གང་ཡང་མ་བསླབ་ཅི་ཡང་མི་ཤེས་པའི།།ལྟ་བའི་ཚུལ་ལས་རིང་དུ་མ་སོང་བར།།མཐོང་ནས་ལྷག་པར་ཀླུ་སྒྲུབ་གཞུང་ལུགས་ཀྱི།།ཟབ་མོ་འབྱེད་པའི་ཕྲ་བའི་རིགས་ལམ་ནས།  །ཡང་དག་ལྟ་བ་འདྲེན་པའི་གནད་

ཀུན་ལ།།ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས།།ཞེས་གསུངས་པ་ལྟར་སྐབས་དེར་དབུ་མའི་བཤད་སྲོལ་ཤིན་ཏུ་ནུབ་པས།དབུ་མ་རིགས་ཚོགས་དྲུག་གི་བཤད་པ་ལྟ་ཞོག་ལུང་ཡང་ཆེས་དཀོན་པར་བྱུང་བ་སྣང་།དེ་ལྟ་ནའང་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་འགྲེལ་པ་དང་བཅས་པ།མདོ་ཀུན་ལས་བཏུས་པ།བཞི་བརྒྱ་པ།དེའི་འགྲེལ་པ་ཟླ་བས་མཛད་པ།བུདྡྷ་པྰལིཏ།དབུ་མ་སྙིང་པོ་དང་དེའི་རང་འགྲེལ་

 

 

 

རྟོག་གེ་འབར་བ།ཤེས་རབ་སྒྲོན་མ།དེའི་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་བཞུགས་ཀྱི་འགྲེལ་པ།ཚིག་གསལ།འཇུག་པ་དང་དེའི་རང་འགྲེལ།དབུ་མ་རྒྱན།དེའི་རང་འགྲེལ།དེའི་འགྲེལ་བཤད།དབུ་མ་བདེན་གཉིས།དེའི་རང་འགྲེལ།དེའི་འགྲེལ་བཤད།དབུ་མ་སྣང་བ་སོགས་ཚད་ལྡན་གྱི་གཞུང་དུ་མར་བསླབས་ནས་དབུ་མའི་གཞུང་ལ་ལོག་རྟོག་གིས་སྨྲ་བ་ངན་པ་རྣམས་དྲུང་ཕྱུང་སྟེ།ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དང་།ཁྱད་པར་ཐལ་རང་གི་ལྟ་བའི་ཁྱད་པར།མདོ་སྡེ་སྤྱོད་པ་དང་།རྣལ་འབྱོར་སྤྱོད་པའི་དབུ་མ་པའི་བཞེད་སྲོལ་རྣམས་མ་འདྲེས་པར་སེང་གེའི་སྒྲས་ཡང་ཡང་སྒྲོགས་པ་ནི།རྗེ་ཉིད་ཀྱི་ལྟ?བའི་གཞུང་རྣམས་ལས་ཤེས་སོ།།

 

སྔགས་ཀྱི་གཞུང་ལ་ཐོས་པ་མཛད་ཚུལ།

 

དེ་ཡང་ཕྱི་ལོ་༡༣༩༠རབ་བྱུང་བདུན་པ་ལྕགས་རྟ་དགུང་ལོ་སོ་བཞི་ལ་ཕེབས་སྐབས།ཞ་ལུ་རི་སྦུག་ཏུ་བླ་མ་ཁྱུང་པོ་ལྷས་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས།ཐོག་མར་ཡོ་གའི་དཀྱིལ་འཁོར་རྣམས་

ཀྱི་དབང་གིས་སྣ་དྲངས་ཏེ།གདུགས་དཀར།དམ་ཚིག་གསུམ་བཀོད།བཅུ་གཅིག་ཞལ།རྡོ་རྗེ་རྣམ་འཇོམས།ཚེ་དཔག་མེད་སོགས་བྱ་རྒྱུད་དང་།རྣམ་སྣང་མངོན་བྱང་སོགས་སྤྱོད་རྒྱུད།བླ་མེད་ལ་ཡང་གསང་འདུས་མི་བསྐྱོད་པ་དང་།བདེ་མཆོག་ལཱུ་ཨི་པ།ནག་པོ་བ་སོགས་མཐའ་ཡས་པ་གསན་ཁོང་ལ་མངའ་བའི་དབང་དང་བཀའ་ལུང་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཐུགས་རྒྱུད་ལ་གཏམས་པར་མཛད།

དབང་རེ་རེ་གྲུབ་མཚམས་སུ་བླ་མ་དེའི་ཞལ་ནས།ང་ལ་དབང་འདི་བླ་མ་འདི་ཞེས་བྱ་བས་དགྱེས་བཞིན་དུ་གནང་བས་བཀའ་ལུང་ལེགས་པར་རྫོགས་པ་ན་ད་ནི་ཆོས་ཀྱི་བདག་པོ་ལ་འཕྲོད་པས་འགྱོད་པ་མེད་དོ་ཞེས་གསུངས།

 

 

 

 

ཉང་སྟོད་བདེ་ཆེན་དུ་རིན་པོ་ཆེ་ཆོས་ཀྱི་དཔལ་བ་ཚུལ་བཞིན་བསྟེན་ནས།རྡོ་རྗེ་ཕྲེང་བའི་དབང་ཆེན་བཞི་ཅུ་ཞེ་གཉིས།བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་དང་བཅས་པའི་དབང་ལུང་མཛུབ་ཁྲིད་བཤད་པ་གར་ཐིག་དབྱངས་གསུམ་གྱི་ཕྱག་ལེན་དང་བཅས་པའི་སྒོ་ནས་རྡོ་རྗེ་ཕྲེང་བ།རྣལ་འབྱོར་རྫོགས་ཕྲེང་།གཞན་ཡང་ཕྱག་རྡོར་འཁོར་ལོ་ཆེན་པོ་ལ་སོགས་པའི་བཀའ་ཆོས་མང་དུ་གསན།རྣལ་འབྱོར་གྱི་རྒྱུད་ལ་དབང་ཐོབ་པ་ཙམ་དུ་མ་ཟད་ཡོ་ག་བ་གོས་བཟང་ཞེས་པ་གདན་དྲངས་ནས།རྡོ་རྗེ་དབྱིངས་དང་།དཔལ་མཆོག་རྩེ་མོ་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་གར་ཐིག་དབྱངས།དཀྱིལ་འཁོར་གྱི་ཆོ་གའི་ཁྲིགས།ཕྱག?རྒྱ་འཆིང་བ་སོགས་བུ་སྟོན་རིན་པོ་ཆེའི་ཕྱག་ལེན་ལྟར་ཞིབ་ཏུ་སྦྱངས།སླར་ཞ་ལུའི་ཡོ་ག་བ་མཁས་པ་སྡེ་སྣོད་འཛིན་པ་རྒྱལ་མཚན་གྲགས་པ་གདན་དྲངས་ནས།ཡོ་གའི་དབྱངས་དང་།ཕྱག་ལེན་སོགས་ལ་དག་ཐེར་མཛད་ཅིང་།བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་རྡོ་རྗེ་འབྱུང་བའི་རྣམ་བཤད་ཆེན་མོ།དེ་ཉིད་བསྡུས་པ།རྩེ་མོ།དཔལ་མཆོགསྦྱོང་རྒྱུད་སོགས་རྒྱུད་དང་།དེ་ཉིད་སྣང་བ།ཀོ་ས་ལའི་རྒྱན།དཔལ་མཆོག་འགྲེལ་ཆེན་ལ་སོགས་པ་རྒྱུད་དང་རྒྱ་འགྲེལ་གྱི་དུ་མའི་ལུང་ཡང་གསན་ནོ།།

 

 

རྒྱུད་སྡེ་འོག་མ་གསུམ་གྱི་གཞུང་རྣམས་ལ་སྦྱངས་པ་མཛད་ཚུལ།

 

བྱ་རྒྱུད་ལ།གསང་སྤྱི་རྒྱུད་དང་ལེགས་གྲུབ་ཀྱི་རྒྱུད།དེའི་བསྡུས་དོན་བྱང་ཆུབ་མཆོག་གིས་མཛད་པ་དང་།དཔུང་བཟང་གིས་ཞུས་པའི་རྒྱུད།དེའི་བསྡུ་དོན་སངས་རྒྱས་གསང་བས་མཛད་པ།  བསམ་གཏན་ཕྱི་མ།དེའི་འགྲེལ་པ་སངས་རྒྱས་གསང་བས་མཛད་པ།གཞན་འཇམ་དཔལ་རྩ་རྒྱུད།ཕྱག་ན་རྡོ་རྗེའི་རྒྱུད་

 

 

 

 

 

 

ཆེན་པོ་རིག་པ་མཆོག་དང་།རྡོ་རྗེ་གཏུམ་པོའི་རྒྱུད།རྡོ་རྗེ་རྣམ་འཇོམས་ཀྱི་རྩ་བའི་རྒྱུད།བཤད་པའི་རྒྱུད་རི་རབ་ཆེན་པོ་ལ་སོགས་པར་བརྟེན་ནས་བྱ་རྒྱུད་ཀྱི་ལམ་གྱི་རིམ་པ་ཡོངས་རྫོགས་ཐུགས་སུ་ཆུད་པར་མཛད།

སྤྱོད་རྒྱུད་ཀྱི་སྐོར་བོད་དུ་བསྒྱུར་བ་ཅུང་ཟད་ལས་མེད་ཀྱང་།གཙོ་བོ་གྱུར་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད།རྣལ་འབྱོར་གྱི་རྒྱུད།གཙོ་བོ་རྩ་བའི་རྒྱུད་ལ་དེ་ཉིད་བསྡུས་པའི་རྒྱུད་ཕྱི་མ་དང་བཅས་པ།དེའི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ།དེ་ཉིད་བསྡུས་པའི་རྒྱས་འགྲེལ་ཀོ་ས་ལའི་རྒྱན་ཅེས་བྱ་བ།རྒྱུད་དོན་ལ་འཇུག་པ།བཤད་རྒྱུད་རྡོ་རྗེ་རྩེ་མོ།དཔལ་མཆོག་དང་པོ།དེའི་འགྲེལ་པ་སྟོང་ཕྲག་ཉི་ཤུ་རྩ་བཞི།འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད།དེའི་འགྲེལ་པ་པྜྷཎྜིཏ་མཀྟི་ཀ་ཀོ་ཥས་མཛད་པ།ངན་སོང་སྦྱོང་བའི་རྒྱུད།དེའི་འགྲེལ་པ་སྣང་བའི་རྒྱན་ལ་སོགས་?་སྟེ།མདོར་ན་རྒྱུད་སྡེ་འོག་མ་གསུམ་གྱི་རྒྱུད་འགྲེལ་པ་དང་བཅས་པའི་འབད་པ་དུ་མས་རིང་དུ་སྦྱངས་ནས་སྒྲོ་དོགས་མ་ལུས་པར་ཆོད་པར་མཛད།

 

 

ཁྱད་པར་བླ་མའི་རྒྱུད་སྡེ་རྣམས་ལ་ཐོས་པ་མཛད་ཚུལ།

 

གསང་འདུས་རྩ་རྒྱུད་ཀྱི་བཤད་སྲོལ་ནི།རྗེ་བཙུན་དམ་པ་རེད་མདའ་བ་དང་།རྗེ་བཙུན་དམ་པ་ཀུ་མྰ་ར་མ་ཏི།རྗེ་བཙན་དམ་པ་བླ་མ་ཁྱུང་པོ་ལྷས་པ།རྗེ་བཙུན་དམ་པ་ཆོས་ཀྱི་དཔལ་པའི་དྲུང་ནས་གསན།

མ་རྒྱུད་བདེ་དགྱེས་སོགས་ནི།མདོ་སྨད་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་ཀུན་འདུས་ནས་བདེ་མཆོག་དྲིལ་བུ་ལྷ་ལྔ།འཇིགས་བྱེད་རྭ་ལུགས།ཀྱཻ་རྡོ་རྗེ།ཕྱག་རྡོར་འཁོར་ལོ་ཆེན་པོ་སོགས་ཀྱི་དབང་དང་བཤད་པ་མན་ངག་ཅི་རིགས་པ་གསན།  དེ་བཞིན་མཁན་ཆེན་རིན་ཆེན་རྣམ་རྒྱལ་དྲུང་ནས་བདེ་མཆོག་མཻ་ཏྲི་བཅུ་

 

 

 

གསུམ་མའི་དབང་།བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་།འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་།བླ་མ་ཁྱུང་པོ་ལྷས་པ་ནས་ལཱུ་ཨི་པ་དང་།ནག་པོ་བའི་དབང་བཅས་གསན།

 

བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་ནི།ཀྱཻ་རྡོར་གྱི་རྩ་རྒྱུད་བརྟག་གཉིས་ཀྱི་བཤད་པ་ས་སྐྱ་པའི་ལུགས་བཞིན་བླ་མ་རྡོ་རྗེ་རིན་ཆེན་པ་ལ་གསན་ཅིང་།དེའི་མན་ངག་ལམ་འབྲས་བུ་དང་བཅས་པ་དབང་དོན་ཉམས་ལེན་གྱི་རིམ་པར་བསྒྲིགས་པའི་འཁྲིད་ཡོངས་སུ་རྫོགས་པ་སྤྱན་ལྔ་གྲགས་པ་བྱང་ཆུབ་ལས་གསན་ནོ།།

 

 

གསང་འདུས་དང་བདེ་དགྱེས་སྐོར་གྱི་རྒྱུད་དང་རྒྱ་གཞུང་རྣམས་ལ་སྦྱངས་ཚུལ་ནི།གསང་འདུས་རྩ་རྒྱུད་ལེའུ་བཅུ་བདུན་པ་དང་།ཕྱི་མ་ལེའུ་བཅོ་བརྒྱད་པ།སྒྲོན་གསལ།གསང་འདུས་གླེང་གཞིའི་བཤད་པ།རྒྱན་བདུན་རྣམ་པར་གྲོལ་བ།གསང་འདུས་འགྲེལ་སློབ་མ་ལ་ཕན་པ།དྲི་མེད་སྦས་པའི་གསང་འདུས་འགྲེལ་པ།གསང་འདུས་འགྲེལ་པ་རིན་པོ་ཆེའི་ལྗོན་ཤིང་།ཐ་ག་ནས་མཛད་པའི་གསལ་འདུས་འགྲེལ་པ།པྜྷཎྜིཏ་རྡོ་རྗེ་བཞད་པའི་གསང་འདུས་འགྲེལ་པ།གསང་འདུས་བཤད་སྦྱར་སྙིམ་པའི་མེ་ཏོགབཤད་རྒྱུད་ལ་

རྡོ་རྗེ་ཕྲེང་བ།དགོངས་པ་ལུང་བསྟན།ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ།ལྷ་མོ་གཞིས་ཞུས་པ་སོགས་ཡིན་ལ།

དེ་དག་ནང་ནས་ཤྲྰདྡྷ་ཀ་རས་མཛད་པ་དགོངས་པ་ལུང་བསྟན་གྱི་འགྲེལ་པ་དང་།ལྷ་མོ་བཞིས་ཞུས་ཀྱི་འགྲེལ་པ།སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་ལྷ་མོ་བཞི་ཞུས་ཀྱི་འགྲེལ་པ།གསང་བའི་འདུས་པའི་དོན་འགྲེལ་ལ།སྒྲུབ་ཐབས་མདོར་བྱས།མདོ་བསྲེ།རིམ་ལྔ་།འཕགས་པ་ལྷས་སྤྱོད་བསྡུས་སྒྲོན་མེ།དེའི་འགྲེལ་པ་ཤྰཀྱ་བཤེས་གཉེན་དང་།ཀླུ་བྱང་གིས་མཛད་པ།སློབ་དཔོན་ཀླུ་བྱང་གི་རྣམ་གཞག་རིམ་པ།སློབ་དཔོན་ཀླུ་བྱང་རིམ་ལྔའི་འགྲེལ་པ་བདུན།སློབ་དཔོན་ཤྰནྟི་པས་མཛད་པའི་མདོར་བྱས་ཀྱི་འགྲེལ་པ།

 

 

 

ཡབ་སྲས་ལྔའི་འགྲེལ་པ་མན་ངག་དང་བཅས་པ་གུང་བསྒྲིགས་ནས།རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ།

 

རྣལ་འབྱོར་མ་རྒྱུད་ཀྱཻ་རྡོ་རྗེ་རྩ་བའི་རྒྱུད་བརྟག་པ་གཉིས་པ་དང་།བཤད་པའི་རྒྱུད་ཐུན་མོང་མ་ཡིནཔ་མཁའ་འགྲོ་མ་རྡོ་རྗེ་གུར་དང་།ཐུན་མོང་བའི་བཤད་པ།དཔལ་སཾ་བུ་ཊ་རྒྱུད་ཕྱི་མ་དང་བཅས་པ་དང་།འགྲེལ་པའི་སྐོར་ལ་ཀྱཻ་རྡོ་རྗེས་མཛད་པའི་པདྨ་ཅན་དང་།མི་ཐུབ་ཟླ་བས་མཛད་པའི་ཀུ་མུ་ཏིྰ།ཤྰནྟི་པས་མཛད་པའི་མུ་ཏིག་ཕྲེང་བ་དང་།ནྰ་རོ་པས་མཛད་པའི་འགྲེལ་ཆེན་ལ་སོགས་པ་འགྲེལ་པ་བཅུ་གསུམ།ཨིནྡར་བོ་དྷིས་མཛད་པའི་གུར་གྱི་བཀའ་འགྲེལ་ཞལ་ནས་བརྒྱུད་པ་ལ་སོགས་པ་གུར་གྱི་འགྲེལ་པ་བཞི་དང་།མན་ངག་སྙེ་མ།རྩ་རྒྱུད་དང་།བཤད་རྒྱུད།འགྲེལ་པ་མན་ངག་དང་བཅས་པ་ལ་བརྟེན་ནས་དགྱེས་པ་རྡོ་རྗ?འི་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པ་གཏན་ལ་ཕབ།

 

མ་རྒྱུད་བདེ་མཆོག་གི་རྩ་རྒྱུད་དང་།བཤད་པའི་རྒྱུད་ཨ་བྷི་དྷ་ན།རྡོ་རྗེ་མཁའ་འགྲོརྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ།མཁའ་འགྲོ་རྒྱ་མཚོ།རྡོ་རྗེ་འབྱུང་བ་ལ་སོགས་པ་དང་།  འགྲེལ་པ་ལ་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་བསྟོད་འགྲེལ།ལངྐ་རྒྱལ་བཟང་།སྐལ་ལྡན་གྲགས་པ།སྐར་རྒྱལ་ཟླ་བས་མཛད་པའི་བཀའ་འགྲེལ།བྷ་ཝ་བྷ་དྲས་མཛད་པའི་རྡོ་རྗེ་མཁའ་འགྲོ་མའི་འགྲེལ་པ།འཁོར་ལོ་སྡོམ་པའི་བཀའ་འགྲེལ།པྜྷཎྜིཏ་ནོར་བཟང་གིས་མཛད་པའི་རྡོ་རྗེ་མཁའ་འགྲོའི་འགྲེལ་པ།པདྨ་བྜྷཛྼས་མཛད་པའི་མཁའ་འགྲོའི་རྒྱ་མཚོའི་འགྲེལ་པ་ལ་སོགས་པའི་རྩ་རྒྱུད་དང་།བཤད་རྒྱུད་འགྲེལ་པ་དང་བཅས་པ་ལ་ཐུགས་སྦྱངས་ལེགས་པར་མཛད་ནས་འཁོར་ལོ་བདེ་མཆོག་གི་རྒྱུད་དོན་མཐའ་དག་གཏན་ལ་ཕབ།

 

 

 

 

 

དུས་ཀྱི་འཁོར་ལོ་ལ།རིན་པོ་ཆེ་བླ་མ་ཆོས་ཀྱི་དཔལ་བའི་དྲུང་ནས།རྒྱུད་འགྲེལ་གྱི་བཤད་པ་ཕྱག་ལེན་མཛུབ་ཁྲིད་སྦྱོར་དྲུག་གི་ཉམས་ཁྲིད་སོགས་རྫོགས་པར་གསན།སླར་བླ་མ་དེའི་དྲུང་དུ་རྡོ་རྗེ་སྙིང་འགྲེལ།ཕྱག་རྡོར་བསྟོད་འགྲེལ།ནྰ་རོ་འགྲེལ་ཆེན་ལ་སོགས་པ་དུས་ཀྱི་འཁོར་ལོ་ཆ་ལག་དང་བཅས་བཀའ་ཆོས་གཞན་དུ་མ་ཡང་གསན།དེ་བཞིན་མཁས་པ་ཆེན་པོ་བླམ་ཡེ་ཤེས་རྒྱལ་མཚན་གྱི་དྲང་དུ་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་པ་ཞིབ་པར་གསན་ཅིང་རྒྱུ་མཚན་རྩིས་དང་ལག་ལེན་རྣམས་པའང་མཁས་པར་སྦྱངས།ཇོ་ནང་དུ་ཕྱོགས་ལས་རྣམ་རྒྱལ་ལའང་སྦྱོར་དྲུག་གི་ཁྲིད་སྨིན་རྒྱས་སུ་གསན།བསྡུས་རྒྱུད་ཕྲེང་བ་འཛི?་

པའི་སྡེབ་སྦྱོར་གྱི་ཚིགས་བཅད་སྟོང་གསུམ་བཅུ་པ།རྒྱུད་ཕྱི་མ།བཀོལ་པའི་རྒྱུད་ལ་སོགས་པ་དང་།འགྲེལ་པ་ལ།ཟླ་བ་བཟང་པོས་མཛད་པའི་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ།པདྨ་དཀར་པོས་མཛད་པའི་འགྲེལ་ཆེན་དྲི་མེད་འོད།དེའི་གོ་ལའི་འགྲེལ་པ།འགྲེལ་པ་དོན་དམ་སྙེ་མ།ནྰ་རོ་པས་མཛད་པའི་དབང་མདོར་བསྟན་གྱི་འགྲེལ་པ་རྣམས་ལ་ལེགས་པར་སྦྱངས་ཏེ་ཐུགས་སུ་ཆུད་པར་མཛད།

 

 

ཐུན་མོང་རིག་གནས་ལ་སྦྱངས་པ་མཛད་ཚུལ།

 

ནང་རིག་པའི་སྡེ་སྣོད་མ་ཟད།ཚལ་ངུ་ལྷ་རྗེ་དཀོན་མཆོག་སྐྱབས་ལས་གསོ་དཔྱད་ཀྱི་སྐོར།ལོ་ཆན་ནམ་བཟང་དང་།ས་བཟང་མ་ཏི་པཎ་ཆེན་སོགས་ལས་སྒྲ་དང་།སྙན་ངག་དང་།སྡེབ་སྦྱོར་སོགས།རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་ལས་རྩིས་ཀྱི་སྐོར་བཅས་མདོར་ན་ཐུང་མོང་བའི་རིག་གནས་སོགས་ལ་ལེགས་པར་སྦྱངས།ཚལ་ངུ་བཞུགས་དུས་རྒྱལ་བའི་བཀའ་དང་བསྟན་བཅོས་བོད་དུ་བསྒྱུར་རོ་ཅོག་ལ་གཟིགས་རྟོགས་ཞིབ་ཏུ་མཛད་པས་མང་དུ་ཐོས་པའི་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་མཐར་སོན་པ་གྱུར་ཏོ།།

 

 

 

 

ཕྱི་ལོ་༡༣༩༢རབ་བྱུང་བཅུ་བདུན་པ་ཆུ་སྤྲེལ་ལོར་བླ་མ་དབུ་མ་པ་བརྩོན་གྲུས་སེང་གེ་དང་ཐོག་མར་མཇལ།སྐབས་དེར་བླ་མ་དབུ་མ་པ་ལོ་ཙྰ་མཛད་ནས་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཆོས་ཀྱི་དྲི་བ་མང་དུ་ཞུས།རྗེ་བཙུན་འཇམ་དབྱངས་ནས་ཀྱང་སྒྲུབ་པ་ལ་བསྐུལ་བ་བརྟེན།སྒྲུབ་པ་ལ་འབྱོན་པར་ཐུགས་ཐག་བཅད།འཁོར་ཇི་ལྟར་ཁྲིད་ཞུས་པས།འཁོར་དག་པ་རྣམ་བརྒྱད་དུ་གྲགས་པ་རྣམས་ཁྲིད་གསུངས།

སྐྱིད་ཤོད་དགའ་བ་གདོང་དུ་རྗེ་རང་གིས་བླ་མ་དང་རྗེ་བཙུན་འཇམ་དབྱངས་ཐ་མི་དད་དུ་གསོལ་བ་འདེབས་ཅིང་བསྙེན་སྒྲུབ་མཛད་པས་ཡུན་མི་རིང་བར།ཉིན་གཅིག་འོད་ཟེར་ཁ་དོག་སྣ་ལྔ་འཇའ་མཚོན་ལྟ་བུའི་དྲ་བས་འཁྲིགས་པའི་དབུས་ན།འཇམ་དབྱངས་ཨ་ར་པ་ཙ་གུར་གུམ་གྱི་མདོག་ཅན་ལྟ་བས་ཆོག་མི་ཤེས་པ་མངོན་སུམ་དུ་གསལ་བར་གཟིགས།   དེ་འདྲའི་སྐུའི་སྣང་བ་དེ་ནམ་འདོད་རེས་ཀྱི་གསོལ་བ་བཏབ་པའི་

དུས་ཕལ་ཆེ་བར་དངོས་སུ་ནར་མར་བྱུང་བ་རྗེ་ཉིད་ཀྱིས་བཀའ་སྩལ་བ་བཞིན།གསང་རྣམས་ལས་ཀྱང་།  ཨིནྡ་ནྰི་ལའི་མདོག་ལྟར་རབ་བསྡོ་བའི།།རབ་མཛེས་འོད་ཟེར་ལྔ་ཡི་དྲ་བ་ཅན།།ཤིན་ཏུ་ཟླུམ་པོའི་དབུས་སུ་འཇམ་དཔལ་དབྱངས།།མངོན་སུམ་གཟིགས་པ་རྗེ་བཙུན་ཆོས་ཀྱི་རྗེ།།དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།དེ་ནས་བརྩམས་ཏེ་རྗེ་བཙུན་མཁྱེན་པའི་གཏེར།།ནམ་འདོད་གཟིགས་ཤིང་དཔལ་ལྡན་འདུས་པ་དང་།   །ཤེས་རབ་ཕ་རོལ་ཕྱིན་གཞུང་ཟམ་མོའི་དོན།།རྒྱུན་དུ་གསན་པ་རྗེ་བཙུན་

ཆོས་ཀྱི་རྗེ།།དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།ཞེས་གསུངས།སྐབས་དེར་བླ་མ་དབུ་མ་པས་ལོ་ཙྰ་མཛད་ནས་རྗེ་བདག་ཉིད་ཆེན་པོས་འཇམ་དབྱངས་དཔའ་བོ་གཅིག་པ་དང་།བླ་མེད་ལ་སོགས་པ་དང་།བཀའ་སྡོད་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ་ལ་སོགས་པ་རྣམས་ཀྱི་རྗེས་གནང་དང་བྱིན་རླབས།ཏིང་ངེ་འཛིན་གྱི་དབང་བཞི་ལ་སོགས་པ་ནི་རྗེ་བཙུན་འཇམ་དབྱངས་ཉིད་ལ་གསན་ཞིང་།དེ་ཡང་དཔའ་གཅིག་གི་རྗེས་གནང་མཛད་པའི་རིང་ལ་རྗེ་བཙུན་འཇམ་དབྱངས་ཉིད་དཔའ་བོ་གཅིག་པ་རང་གི་སྐུའི་རྣམ་པར་ཡོད་པ་ལ།ནང་སྒྲུབ་གསང་སྒྲུབ་སོགས་ཀྱི་དབང་མཛད་པའི་ཚེ་དཔའ་བོ་གཅིག་པ་དེ།དེ་མ་ཐག་ཡབ་ཡུམ་ཞལ་སྦྱོར་?ྱི་རྣམ་པར་འགྱུར་འགྲོ་བ་དང་།ཆོས་སྐྱོང་གི་རྗེས་གནང་སྐབས་དེ་མ་ཐག་

 

 

 

བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུའི་རྣམ་པར་གྱུར་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་བཀའ་བསྒོ་བར་མཛད་པ་ལ་སོགས་པ་དེ་འདྲ་བའི་རྣམ་འཕྲུལ་ངོ་མཚར་ཅན་སྐད་ཅིག་དང་སྐད་ཅིག་ལ་སྟོན་པ་ཞིག་ཡོད་པར་གསུངས་སོ།།

 

 

རྣམ་ཐར་གྱི་འཕྲོ་རྣམས་རྗེས་སུ་གསར་འཇུགབྱ་འཆར་ཡོད་པས་དེ་དོན་དགོངས་འཇག་འཚལ།།

 

 

 

རྩོམ་སྒྲིག་པ།

བོད་རྒྱལ་ལོ་༢༡༣༨ཕྱི་ལོ་༢༠༡༡ལོའི་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་དྲུང་ཆེ་

མཻ་ཏྲི་ཛྙྰཎ།།